
སྦྲ་རིགས་ཐོགས་མེད། (ལྡི་ལི་མཐོ་སློབ།)
ལོ་རྒྱུས་ཀྱི་གཉའ་བར་དུ་འགྱིང་བའི་གནའ་བོའི་རི་གྲོང་ཆུང་ཆུང་དེར།
སྟེས་དབང་གིས་ཕྲད་ཅིང་སྟེས་དབང་གིས་འདྲེས་པའི་ཀོ་རི་ཡའི་བུ་མོ་ལགས།
མཛེས་སྡུག་གང་ཞིག་གིས་སྦགས་པའི་འཚིག་ཇ་ཕོར་གང་གི་སྔ་གཞུག་ཏུ།
རྡུལ་མཚོན་ལས་རྣོ་བའི་ཁྱོད་ཀྱི་ཟུར་མིག་དང་འཛུམ་མདངས།
བདག་གི་འཇིག་རྟེན་དུ་ཁད་ཀྱིས་འཛུལ་ནས་སླེབས་བྱུང་ལ།
མུ་ཏིག་བཞིན་འཚེར་བའི་ཁྱོད་ཀྱི་དྭངས་གཙང་དང་རེ་སྨོན།
བདག་གི་གཙང་ངོགས་སུ་གཡོར་གྲུ་བཞིན་ལྷོད་ཀྱིས་སྐྱོམ་བཞིན་ཕེབས་བྱུང་།
བརྩེ་དུངས་དང་མི་གཤིས་ཀྱིས་ལྡེམ་པོར་སྐྱོར་བའི་ཀོ་རི་ཡའི་བུ་མོ་ཁྱེད།
དོན་ངོ་མར། དུས་ཚིགས་གང་ཞིག་ལ་བརྐུངས་པའི་རྒྱང་རིང་གི་ཁུ་བྱུག་ཡིན།
ད་དུང་ཡིད་ཆེས་དང་རེ་བཞག་གིས་ཁེངས་པའི་ཉམ་ཆུང་གཞོན་ནུ་མ་ཁྱེད།
འཇིག་རྟེན་གང་ཞིག་ནས་ཕེབས་པའི་བརྩེ་དུང་གི་ཕོ་ཉ་ཡིན།
དེ་ལས་མང་བ་། “སྟེས་དབང་གིས་ཕྲད་པའི་ཀོ་རི་ཡའི་བུ་མོ (Hyangja)ལགས།” »

