ཟླ་བ་ཕུར་བུ།
ཉིས་སྟོང་ཉི་ཤུའི་རྗེས་ལ།།
བརྒྱ་ཚོགས་སྟོང་ཚོགས་དཀྱིལ་ནས།།
འདེམས་བསྒྲུགས་རྒྱན་གཡུག་བྱས་ཏེ།།
ཨོ་གླིང་ཡུལ་ལ་འགྲོ་མཁན།།
དམྱལ་ཁམས་བཅོ་བརྒྱད་ཡུལ་ནས།།
མི་ལུས་ལེན་པ་འདྲ་བྱུང།།
དམྱལ་ཁམས་ཡུལ་ལ་ལྷག་པའི།།
ཉམས་ཆུང་ངན་སོང་ཚང་མས།།
རང་རང་བསགས་པའི་སྡིག་པའི།།
ལས་དང་བྱ་བར་བརྟེན་ནས།།
མི་ལུས་གཏོང་སྟངས་ཐད་ལ།།
གཤིན་རྗེ་ཆོས་ཀྱི་རྒྱལ་པོར།།
སྙན་ཞུ་ལན་གསུམ་ཕུལ་ཡང།།
ཡ་ལན་གནང་མཁན་མི་འདུག།།
དམྱལ་ཁམས་བཅོ་བརྒྱད་ཡུལ་ལ།།
ལོ་ཁམས་རེ་རེའི་ནང་དུ།།
གཤིན་རྗེའི་ཕོ་ཉ་རྣམས་པས།།
འགྲོ་དྲུག་སེམས་ཅན་དོན་དུ།།
ཁྲིམས་ཚོགས་ལན་གཉིས་ཚོགས་ཀྱང་།།
ངན་སོང་དམྱལ་བར་ལྷུང་པར།།
གླེང་མཁན་རྐང་གཅིག་མི་འདུག།།
ཉམས་ཆུང་ངན་སོང་རྣམས་ཀྱིས།།
དམྱལ་བར་སྡོད་ཀྱིན་ཟེར་དུས།།
ས་ཁང་ང་ཚོར་མི་འདུག།།
མི་ལུས་གཏོང་རོགས་ཞུས་པས།།
གཏོང་མཁན་ང་ཚོར་མི་འདུག།།
ཡང་སྙིང་གཤིན་རྗེའི་རྒྱལ་པོ།།
ག་རེ་དྲན་གྱིན་ཡོད་ན།།
སྟེང་མཆོག་ཡུལ་ལ་བཞུགས་པའི།།
༸སྐྱབས་གཅིག་ཤཱཀྱ་ཐུབ་པས།།
ངན་སོང་དམྱལ་བར་ལྷུངས་པ།།
སྤྱན་གྱིས་གཟིགས་པར་བྱུང་ན།།
དཔོན་ངན་གཤིན་རྗེའི་རྒྱལ་པོར།།
ལན་གཅིག་མཛུབ་སྟོན་གནང་རོགས།།