Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཇ་ཁང་ནང་གི་བཀའ་ཤག

Posted on 2026-07-13 By ཁ་བརྡ་ No Comments on ཇ་ཁང་ནང་གི་བཀའ་ཤག

དབྱར་ཁའི་མེ་ཏོག

ལོ་བཅུ་གཉིས་ཀྱི་རྗེས་སུ་དྷ་སར་ཐེངས་དང་པོ་སླེབས་པ་དང་། བསྐྱར་དུ་ཡོང་དགོས་དོན་གཙོ་བོ་ནི་༧རྒྱལ་བའི་ཞལ་མཇལ་ཐོབ་རྒྱུ་དེ་བྱུང་བ་མ་ཟད། གྲོགས་པོ་དང་ངོ་ཤེས་རྙིང་པ་མི་ཉུང་བ་ངོ་འཕྲད་བྱུང་བས་ཚང་མས་གཅིག་འགྱུར་གྱིས། ཞེ་དྲག་རྒས་འདུག་ཟེར་། ནུབ་ཕྱོགས་སུ་ཌོ་ལར་རྗེས་སུ་འགྲོ་མཁན་དང་། དྷ་སར་གཞུང་དང་གཞུང་འབྲེལ་མ་ཡིན་པའི་སྡེ་ཁག་ནང་ལ་ལས་ཀ་བྱས་ནས་བཞུགས་མཁན་དབར་ལ་རྒས་མགྱོགས་ལོས་ཧ་ལས་པའི་ཁྱད་པར་ཆེན་པོ་འདུག རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་གཅིག་གིས་ཕྱེད་ཀ་ཆོབ་དང་། ཕྱེད་ཀ་དངོས་འབྲེལ་གྱིས། གཞུང་གི་ལས་ཀ་བྱེད་མཁན་ལ་འདྲ་ས་ཡོད་མ་རེད། སྣུམ་རིལ་རིལ་དང་། རྒས་རྒྱུ་མེད་པ་འདྲ་པོ་ཡོད་རེད། ཌོ་ལར་རྗེས་སུ་འགྲོ་མཁན་ཚོ་མི་ཤེས། ཅེས་བརྗོད་ནས་དགད་ཁུལ་བྱས།

ཁ་ཉིན་ཕྱི་ཟླ་ ༥ ཚེས་ ༢༧ ཉིན། ཞོགས་པ་གཉིད་ལས་བསད་སྐབས་མགྲོན་ཁང་གི་སྒེའུ་ཁུང་ནས་ཞོགས་པའི་སྐྱ་རེངས་ཀྱི་འོད་མདངས་མངོན་པ་དང་། བྱ་བྱེའུ་ཀྱི་སྐད་སྙན་ཡང་ཐོས། དེ་རིང་གྲོགས་པོ་རྙིང་པ་གཅིག་དང་ཐུག་རྒྱུ་བྱས་ཡོད། ཁོང་གི་མིང་ལ་དོན་གྲུབ་ཟེར་པ་དང་། ཆུང་དུས་བོད་ནས་སླེབས་པ་དང་། ཕྲན་དང་མཉམ་དུ་སློབ་གྲྭ་གཅིག་པ་མིན་ནའང་། ང་གཉིས་བོད་ཁྱིམ་སློབ་གྲྭ་ནས་ཐོན་པ་གཅིག་རེད། རྗེས་སུ་ངའི་གྲོགས་པོ་གངས་སྐྱིད་ལ་ལས་ཀ་བྱས་པ་དང་། ཕྲན་ནུབ་ཕྱོགས་སུ་སླེབས་རྗེས་ཁོང་མུ་མཐུད་ནས་ད་བར་ཞབས་ཞུ་བྱས་ནས་བཞུགས་པས་ད་ལྟའི་གངས་སྐྱིད་ཀྱི་གནད་ཡོད་མི་སྣའི་གྲས་སུ་ཚུད་འདུག་པས། དེ་རིང་ཞོགས་པ་དཔལ་ལྡན་སྲིད་སྐྱོང་དམ་འབུལ་གྱི་མཛད་སྒོར་བཅར་དགོས་པས་མཛད་སྒོའི་རྗེས་སུ་ང་གཉིས་ཐུག་རྒྱུའི་དུས་ཚོད་བཟོས་པ་ཡིན། ཁོང་གི་མིང་དངོས་ལ་དོན་གྲུབ་ཟེར་གྱི་མེད་ནའང་། ད་ལྟ་ཁོང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཡིན་སྟབས་དངོས་མིང་བེད་སྤྱོད་མ་བྱས་པར་ཚབ་མིང་དེ་སྤྱད་པ་ཡིན།  སྔོན་གྱི་གསར་འབྱོར་བུ་དེ་ད་ལྟ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ངོ་ཆགས་འདུག་ལ། ཁོང་གི་དེ་སྔ་གནག་ཅིང་སྣུམ་པའི་སྐྲ་ལོ་དེ་ཡང་ཧ་ལས་པའི་ཉུང་ཉུང་དང་། སྐྱ་ཕྱེད་སྔོ་ཆེད་དུ་གྱུར་འདུག ཁོང་གི་བཟའ་ཟླ་ནི་ལྷ་ོཕྱོགས་གཞིས་ཆགས་ནས་ཡིན་པའི་བུད་མེད་གཅིག་ཡིན་པ་དང་། དེ་སྔ་ཁོང་གཞུང་འབྲེལ་ཕྱོགས་བསྐྱོད་སྐབས་སུ་གཞན་གྱིས་ངོ་སྤྲོད་བྱས་པ་རེད་འདུག ཁོང་གཉིས་ལ་ཕྲུ་གུ་བུ་གཅིག་དང་བུ་མོ་གཅིག་འདུག བུ་རྒན་པ་དེ་བོད་ཁྱིམ་སློབ་གྲྭར་འཛིན་གྲྭ་ ༨ པ་དང་། བུ་མོ་འཛིན་གྲྭ་ ༥ པ་དཔེ་སྟོན་སློབ་གྲྭར་འགྲོ་བཞིན་འདུག

སྲིད་སྐྱོང་དམ་འབུལ་མཛད་སྒོའི་རྗེས་སུ་དོན་གྲུབ་ལགས་ཐུག་འཕྲད་བྱུང་བ་དང་། ཁོང་ནི་རས་ཀྱི་ཕྱུ་པ་གཅིག་གྱོན་ནས་གཟི་བརྗིད་དང་ལྡན་པ་འདུག་ལ། ང་གཉིས་ཇ་ཁང་གཅིག་གི་ནང་ལ་བསྐྱོད་པ་ཡིན། ཁོང་གི་རོགས་པར་ལས་བྱེད་གཉིས་དང་། དེ་མིན་ང་དང་འདྲ་བར་ས་གནས་གཞན་ཕེབས་པའི་བཟའ་ཚང་གཅིག་འདུག ཚང་མས་གཅིག་འགྱུར་གྱིས་༧རྒྱལ་བ་རིན་པོ་ཆེའི་ཞལ་མཇལ་བསྐལ་བཟང་ཐོབ་པར་དགའ་ཚོར་དང་། དེ་དང་མཉམ་དུ་སྐུ་བགྲེས་ཉམས་བཞེས་པར་སེམས་སྐྱོ་ཚུལ་གླེང་། དེ་ནི་བོད་ཀྱི་བླ་ཆེན་དང་། མི་མང་མཐོ་དམན་བསམ་ཡོད་ཚང་མའི་གཅིག་འགྱུར་གྱི་ཚོར་བ་ཆགས་ཡོད། དེ་ནས་དམ་འབུལ་སྐབས་ཀྱི་མཐོང་སྣང་དང་། སྲིད་སྐྱོང་གི་དམ་འབུལ་གསུང་བཤད་ཐོག་ལ་གླེང་མོལ་བྱས་སོང་ཡང་། དྲྭ་ཐོག་ནས་ཚང་མས་མཐོང་ཡོད་པས་འདིར་འབྲི་བའི་དགོས་པ་མ་མཐོང་།

འདིར་འབྲི་འདོད་པ་ནི། སྐབས་བཅུ་བདུན་པའི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་འཛིན་སྐྱོང་བཀའ་ཤག་གི་བཀའ་བློན་སུ་དང་སུ་སླེབས་སྲིད་པ་དང་། སུ་དང་སུ་ལ་སྤྱི་འཐུས་ཚོས་རྒྱབ་སྐྱོར་བྱ་སྲིད་པའི་སྐོར་བགྲོ་གླེང་རྒྱུན་རིང་བྱས་སོང་། ཕྲན་གྱིས་ཉན་པ་ལས་བསམ་ཚུལ་ཞུ་ཕོད་མ་སོང་ལ། ཞུ་རྒྱུའི་སྤོབས་པ་ཡང་མེད། ཡིན་ནའང་། བསམ་ཚུལ་མང་པོ་མི་མཐུན་པ་གསུང་མཁན་འདུག་ཀྱང་། ཡོངས་གྲགས་དང་། གཅིག་མཐུན་གྱི་བསམ་ཚུལ་ཁག་གཅིག་འདིར་འབྲི་ན་དེ་ལྟར། མཚན་ལ་བསྟན་དར་ཟེར་པའི་སྐྱེས་པ་ལོ་ན་ ༤༠ ཙམ་ཡིན་པ་གཅིག་འདུག ཁོང་གི་བཀའ་མོལ་གསུང་སྟངས་ལ་གཞིགས་ན་འཁྲུངས་ཡུལ་ཁམས་ནས་མིན་ནམ་བསམ། ཁོང་ནི་སྐད་ཤུགས་ཆེ་ལ། གསུང་ཕོད་མཁན་དང་། ཁ་རི་ཁ་ཐུག་གཅིག་ལ་མཐོང་། ཁོང་གིས། ཤེས་རིག་བཀའ་བློན་ལ་ཐར་ལམ་སྒྲོལ་མ་བསྐྱར་དུ་བསྐོས་ཀྱི་མ་རེད། མ་བསྐོས་ན་ཡག་གི་རེད། མ་གཞི་བོད་པའི་སློབ་གྲྭའི་ནང་ལ་ལོ་མང་པོ་དགེ་རྒན་དང་སློབ་སྤྱི་བྱས་པ་མ་ཟད། རྒྱ་གར་གཞུང་ནས་བྱ་དགའ་ཐོབ་པ་དང་། དེ་སྔ་ཐད་བསྐོས་སྤྱི་འཐུས་ལ་མིང་འདོན་གནང་ཡང་དགོངས་པ་ཞུས་པ། སྐབས་བཅུ་དྲུག་པའི་ཤེས་རིག་བཀའ་བློན་ལ་བསྐོ་བཞག་གནང་བས་ཕྱག་ལས་གནང་རྒྱུ་མེད་ན་མ་གཏོགས་གནང་རྒྱུའི་གོ་སྐབས་ཆ་ཚང་བ་བྱུང་པ་རེད། ཡིན་ནའང་། འདས་པའི་ལོ་ལྔའི་རིང་གི་ཤེས་རིག་གི་ལས་དོན་ཐོག་ལ་སྔར་མེད་གསར་གཏོད་དང་། སྔོན་ཡོད་རྒྱུན་སྐྱོང་གིས་གྲུབ་འབྲས་གཟེངས་སུ་ཐོན་པ་སྟོན་རྒྱུ་མེད་པ་ཉིན་རེ་བཞིན་ཤེས་རིག་ལས་ཁུངས་ནང་ལ་ལས་ཀ་བྱེད་མཁན་ལས་བྱེད་ཚོའི་ཁ་དང་། གྲོས་ཚོགས་ནང་གི་སྤྱི་འཐུས་རྣམ་པས་མཐོང་ཡོད། དམིགས་བསལ་དགུང་ལོ་མཐོ་བ་དང་སྐུ་གཟུགས་བདེ་པོ་ཡིན་ཟེར་ནའང་། བདེ་པོ་དེ་ཙམ་མེད་པ་གྲོས་ཚོགས་ནང་ལ་རྟག་བཅར་མ་ཐུབ་པར་ལས་ཁུངས་སུ་ངལ་གསོ་དང་། སྨན་ཁང་ལ་ཡང་ཡང་བསྐྱོད་དགོས་པ་སོགས་ཤེས་གསལ་རེད། དེ་བས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཤེས་རིག་བཀའ་བློན་ལ་ཐར་ལམ་སྒྲོལ་མ་མིང་འདོན་བྱེད་སྲིད་ཀྱི་མ་རེད། གལ་སྲིད་མིང་འདོན་བྱས་ཀྱང་གྲོས་ཚོགས་ནས་འོས་ཀྱི་བརྒྱ་ཆ་རགས་ཀྱི་མ་རེད། ཅེས་ཧ་ལམ་རྒྱུས་མངའ་ཞེ་དྲག་ཡོད་པ་ལྟ་བུས་བརྗོད།

བསྟན་དར་གྱི་འཁྲིས་ལ་ཡོད་པའི་བུད་མེད་ཨ་ཅག་ལགས་གཅིག་འདུག ཁོང་གི་མཚན་ཤེས་མ་སོང་ཡང་། ཁོང་གི་ཁྱོ་ག་མཉམ་དུ་འདུག་པ་དེའི་མཚན་ལ་བློ་དགའ་ཟེར་གྱི་འདུག བློ་དགའི་བཟའ་ཟླས་སྐད་ཆ་བཤད་འགོ་བརྩམས་པར། བློ་དགས་ཁ་ཚུམ་ཞེས་བཀག་རྩིས་བྱས་སོང་། བསྟན་དར་གྱིས་བློ་དགར། འོ་ཛི་ལ། མང་གཙོ་རེད་ད། སྨྲ་བརྗོད་རང་དབང་ཡོད་རེད་ད། ཅེས་ཀུ་རེ་དང་བཅས་རྣམ་འགྱུར་ཁྱད་མཚར་སྟོན་ནས་བློ་དགའི་བཟའ་ཟླར་སྐད་ཆ་ཤོད་རྒྱུའི་སེམས་ཤུགས་སྤར་སོང་། བློ་དགའི་བཟའ་ཟླས། ང་བུད་མེད་གཅིག་རེད། བུད་མེད་ཀྱིས་བུད་མེད་ལ་རྒྱབ་སྐྱོར་བྱེད་དགོས་རེད་དེ། ངས་རྒྱ་རི་སྒྲོལ་མ་བདེ་སྲུང་བཀའ་བློན་ལ་ལན་པོ་དང་། འཚམས་པོ་ཁྱོན་ནས་མཐོང་གི་མི་འདུག ཅེས་བརྗོད་པར་། བསྟན་དར་གྱིས་ལམ་སེང། ག་རེ་བྱས་ནས། ཞེས་ལབ་སོང་། ངའི་གྲོགས་པོས། སྔོན་ལ་ཤོད་དུ་བཅུག་དང་། ཅེས་བརྗོད་པར་། བློ་དགའི་བཟའ་ཟླས། བདེ་སྲུང་ལས་ཁུངས་ཟེར་དུས་གསང་བའི་ལས་ཁུངས་གཅིག་རེད། མི་སྒམ་པོ་དང་། ཁ་ནས་གང་ཐོན་ཤོད་མཁན་དང་སེམས་ཚོར་སྐྱེན་པ་དེ་འདྲ་མིན་པ་དགོས་རེད། འདས་པའི་ལོ་ལྔའི་ནང་ལ་ལྟོས་དང་། རྒྱ་རི་སྒྲོལ་མ་ནི་ཕ་ཡུལ་གཅིག་པ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སོགས་འདུ་འཛོམས་གང་ཡོད་ལ་འབྲེལ་བ་ཡོད་མེད་ལ་མ་ལྟོས་པར་བསྐྱོད་ནས་ངུ་སྐད་དང་ངར་སྐད་གང་ཡིན་ཆ་མ་འཚལ་བའི་ཐོག་ནས་ཁ་ནས་གང་ཐོན་བཤད་ནས་བསྡད་སོང་ལ། བདེ་སྲུང་བཀའ་བློན་ཐོག་མར་ཆགས་སྐབས་གསར་འགོད་པར། ང་རང་གིས་བདེ་སྲུང་བཀའ་བློན་བྱེད་ཀྱི་ཡིན་ལབ་པར་། དཔལ་ལྡན་སྲིད་སྐྱོང་མཆོག་གིས། ཆིབས་བསྒྱུར་སྔོན་མ་ནང་བཞིན་ཡོད་མ་རེད་ད། བྱེད་ཀྱི་ཡིན་པས། གསུངས་བྱུང་ཡང་། ངས་བྱེད་ཀྱི་ཡིན་ལབ་པར་བདེ་སྲུང་བཀའ་བློན་བྱ་རྒྱུའི་གོ་སྐབས་གནང་བྱུང་། ཞེས་ངུ་སྐད་དང་བཅས་བཤད་པ་དང་། ཡང་། གྲོས་ཚོགས་ནང་ལ་ཡང་། བདེ་སྲུང་བཀའ་བློན་སང་ཉིན་རང་དགོངས་པ་ཞུ་དགོས་བསམ་པ་མང་པོ་བྱུང་། ཞེས་དང་། ཡང་། རྒན་བདག་འདོན་མཁན་མང་པོ་འདུག ང་རང་གི་ལས་ཀ་ང་རང་གིས་བྱེད་ཀྱི་རེད། ཅེས་ཇུས་གཏོགས་མི་དགོས་པ་བཤད་སོང་། ཅེས་བརྗོད་པར། ངའི་གྲོགས་པོས། རྒན་བདག་འདོན་མཁན་ཡོང་གི་འདུག ཅེས་གྲོས་ཚོགས་ནང་ལ་མང་པོ་བཤད་སོང་ལ། དེའི་སྐོར་གངས་སྐྱིད་ལས་ཁུངས་ཁག་གི་ནང་ལ། རྒན་བདག་སུ་རེད་པས། འབྲོང་ཆུང་དངོས་གྲུབ་ལ་བདེ་སྲུང་ལས་བྱེད་རྒན་པའམ་རྙིང་པ་ཚོས་ཡིད་ཆེས་ཀྱིས་བཀའ་འདྲི་ཞུས་པར་། རྒྱ་རི་སྒྲོལ་མ་མི་དགའ་བ་བྱས་ནས་རྒན་བདག་འདོན་གྱི་འདུག ཅེས་བཤད་པ་རེད། ཅེས་བརྗོད་མཁན་ཡོངས་གྲགས་ཡོད་པ་དང་། རྒྱ་རི་སྒྲོལ་མས་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་མོ་རང་ཁམས་རིགས་ཚོ་སྒུག་རྒྱུར་བེད་སྤྱོད་བྱས་པ་ལས་མོའི་འཇོན་ཐང་མཐོང་ནས་བསྐོས་པ་མ་རེད་ཅེས་ནང་ཁུལ་བཤད་པའི་གནས་སྟངས་ཡོད་པས། ད་ལན་སྤེན་པ་ཚེ་རིང་གིས་བདེ་སྲུང་བཀའ་བློན་ལ་རྒྱ་རི་སྒྲོལ་མ་བསྐྱར་དུ་བསྐོ་རྒྱུ་མིན་པ་བརྒྱ་ཆ་བརྒྱ་རེད། ཅེས་བཤད་པ་དང་། དེ་ནས་སྐར་ཆ་ཁ་ཤས་རིང་ཚང་མ་ཁུ་སིམ་མིར་གྱུར་།

དེ་ནས་ཕྲན་གྱིས། འོ་ན། ཤེས་རིག་བཀའ་བློན་དང་། བདེ་སྲུང་བཀའ་བློན་ལ་མི་གཞན་སུ་བསྐོ་སྲིད་པ་རེད་པས། ཅེས་དྲིས་པར། བསྟན་དར་གྱིས། སྲིད་སྐྱོང་ལ་སྐད་ཆ་དྲིས། ཅེས་ཀུ་རེའི་ཚུལ་བཤད་ནས་ཁོ་རང་དགད་མོ་དགད་ཁུལ་བྱས་ཀྱང་གཞན་སུ་གཅིག་གིས་ཀྱང་དགད་མོ་ཤོར་མ་སོང་། བསྟན་དར་གྱིས་སྒམ་ནན་ངང་ནས་མུ་མཐུད་སྐད་ཆ་བཤད་སོང་། ཁོས། ངའི་བསམ་པར་བདེ་སྲུང་བཀའ་བློན་ལ་སྐུ་ངོ་འབྲོང་ཆུང་དངོས་གྲུབ་ལན་གཅིག་བསྐྱར་དུ་བསྐོ་བཞག་ཐུབ་པ་ཡིན་ཡག་པོ་མཐོང་གི་འདུག ཡིན་ནའང་། སྐུ་ངོའི་ཐུགས་གཤིས་དང་བྱས་ནས་ཕེབས་དོགས་ཁ་པོ་མ་རེད་ལ། དཔལ་ལྡན་སྲིད་སྐྱོང་གིས་ཀྱང་རེ་བ་ཞུ་མདོག་ཁ་པོ་མ་རེད། ད་ལྟ་གངས་སྐྱིད་ཁུལ་ལ་སྐད་ཆ་གཅིག་ཁྱབ་བཞིན་པ་ནི། ད་ལྟ་སྲིད་སྐྱོང་དང་ཉེ་པོ་ཡོད་པ་གང་ཞིག་ལ། དེ་སྔ་བདེ་སྲུང་ལས་ཁུངས་ནང་ལ་འབྲོང་ཆུང་དངོས་གྲུབ་ཀྱིས་བློས་འགེལ་ཡུལ་དང་འཇོན་ཐང་ཡོད་པ། ད་ལྟའི་དཔལ་འབྱོར་དྲུང་ཆེ་གྱང་གསར་ཚེ་རིང་དོན་གྲུབ་བདེ་སྲུང་བཀའ་བློན་ལ་བསྐོ་ཡི་རེད་ཟེར་གྱི་འདུག སྔོན་མ་ཡིན་ན། བཀའ་བློན་གི་གོ་གནས་ནི་ལས་བྱེད་རྒན་པ་ཚོའི་ཐོབ་ཐང་རེད་ཟེར་ནས་བཀའ་བློན་ལ་ཕྱི་ནས་མ་ཡིན་པར་ལས་བྱེད་རྒན་ཡོལ་ཐོན་ཁར་ཡོད་པ་ཚོ་བསྐོ་ཡི་ཡོད་པ་ངའི་པཱ་ལགས་ཀྱིས་གསུངས་མྱོང་ཡོད། ཅེས་བརྗོད་པར། བློ་དགའི་བཟའ་ཟླས་མ་འདོད་པའི་རྣམ་འགྱུར་ཤུགས་ཆེན་དང་བཅས། ཧཧཧ སྐུ་ངོའི་སྲས་ཡིན་པ་རེད། བྱས་ཙང་བྱས། ཅེས་མུ་མཐུད་བཤད་རྩིས་བྱེད་སྐབས། བློ་དགས། ཁ་ཁ་སྡོད་དང་། ཅེས་མིག་ལོག་གཅིག་བལྟས་པས་མོ་ཁུ་སིམ་མིར་བསྒྱུར་སོང་ལ། བསྟན་དར་གྱིས་དེ་སྔ་ལྟར་མང་གཙོ་དང་སྨྲ་བརྗོད་རང་དབང་སོགས་གང་ཡང་ལབ་མ་སོང་། ཕལ་ཆེར་བློ་དགའི་རྣམ་འགྱུར་དྲག་ཤུལ་ཅན་དེ་མཐོང་བ་འདྲ།

ངའི་གྲོགས་པོས། ཚང་མས་ཡང་བསྐྱར་ཇ་རེ་རེ་འཐུང་ཨ། ཞེས་ཇ་རེ་རེ་མངགས་སོང་། བློ་དགའི་རྣམ་འགྱུར་གྱིས་སྐར་མ་ཁ་ཤས་རིང་ལ་བཀའ་ཤག་རྗེས་མའི་བཀའ་བློན་སྐོར་གྱི་ཅི་འཕྲོས་མོལ་འཕྲོས་བཤད་མཚམས་ཆད་སོང་། ཡིན་ནའང་། ཇ་སླེབས་པ་དང་མུ་མཐུད་ནས་བཀའ་བློན་སུ་དང་སུ་སླེབས་མིན་སྐོར་སྐད་ཆ་འགོ་བརྩམས། ངའི་གྲོགས་པོས་ང་ལ་བལྟས་ནས། རང་གིས་བྱས་ན་ཤེས་རིག་བཀའ་བློན་སུ་སླེབས་པ་འདུག་གམ། ཞེས་དྲིས་པར་། ངས། ངས་མི་ཤེས། དངོས་གནས་ཤེས་ཀྱི་མེད། ཅེས་ཚབ་ཚུབ་ངང་ནས་བཤད་པར་ཐལ། དོན་གྲུབ་ཀྱིས་མུ་མཐུད་ནས། ང་ཚོས་ད་ག་ཟེར་ཤོད་ཀྱི་ཡོད་རེད་མ་གཏོགས། དངོས་གནས་བཀའ་བློན་བསྐོ་ཡི་ཡོད་མ་རེད། རང་ནི་དངངས་སྐྲག་མ་བྱེད་དང་། ཅེས་བཤད་པར་། ངས། ད་ལོ་བྱང་ཨ་རིའི་དང་བླངས་སྤྱི་འཐུས་འོས་མི་བཞེངས་མཁན། རྒན་ནུབ་པ་བསྟན་འཛིན་འཆི་མེད་ཞུ་བ་དེ་ཤེས་རིག་བཀའ་བློན་ལ་བསྐོ་བཞག་བྱ་རྒྱུའི་དུས་ཚོད་ཏག་ཏག་རེད་བསམ་གྱི་འདུག ཁོང་ནི་དེ་སྔ་རྒྱ་གར་ནང་ལ་འཁྲུངས་པ་དང་། ཐོག་མར་ཨིན་ཇིའི་སློབ་གྲྭར་བསྐྱོད་པ་དང་། རྒྱ་གར་ནས་ཨིན་ཡིག་དགེ་རྒན་འོས་སྦྱོང་ཐོན་ནས་དགེ་རྒན་ཕྱག་ལས་གནང་། དེ་ནས་ཨ་རིར་ཕེབས་ནས་བསྐྱར་དུ་དགེ་རྒན་འོས་སྦྱོང་ལོ་ལྔ་དྲུག་གནང་ནས་ཨ་རིར་འཛིན་གྲྭ་བཅུ་གཉིས་ཡོད་པའི་སློབ་གྲྭ་གཅིག་གི་ཨིན་ཇིའི་རྩོམ་རིག་དགེ་རྒན་གནང་ནས་བགྲེས་ཡོལ་ལ་ཕེབས་པ་གཅིག་རེད། ཁོང་གིས་ཨིན་ཡིག་ཡག་པོ་མཁྱེན་པ་དང་མཉམ་དུ་བོད་ཀྱི་ཆོས་དང་རིག་གཞུང་ལ་ཐུགས་སྣང་ཆེན་པོས་དུས་ཚོད་ནམ་ཡོད་ལ་དགོན་སྡེ་ཁག་དང་ཆོས་ཚོགས་ལ་ནང་ཆོས་སློབ་སྦྱོང་གིས། དགེ་བཤེས་ཁག་གི་དཔེ་ཁྲིད་དང་གསུང་ཆོས་ལ་གསུང་བསྒྱུར་ཞབས་ཞུ་བསྒྲུབ་ཀྱི་ཡོད་འདུག དེ་སྔ་ཁོང་གིས་བྱང་ཨ་རི་ཁུལ་གྱི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་དགེ་རྒན་ཡོངས་ལ་སློབ་ཁྲིད་ཟབ་སྦྱོང་ཐེངས་མང་གནང་བ་དང་། ཤེས་རིག་ལས་ཁུངས་ནས་ཁོང་ཆེད་དུ་གདན་འདྲེན་ཞུས་ནས་རྒྱ་གར་ནང་གི་བོད་པའི་སློབ་གྲྭ་ཁག་གི་ཨིན་ཡིག་བསླབ་གཞི་རྩ་འཛིན་རྩོམ་སྒྲིག་པའི་ཐུགས་འགན་བཞེས་པ་མ་ཟད། ལས་གཞི་དེའི་སྔོན་འགྲོར་ཁོང་གིས་སློབ་གྲྭ་ཁག་ལ་དངོས་སུ་ཕེབས་ནས་དགེ་རྒན་དང་སློབ་ཕྲུག་གི་ཤེས་ཚད་ལ་རྒྱུས་ལོན་གནང་ཡོད་པས། ཁོང་ནི་རྒྱ་གར་ནང་དང་། བལ་ཡུལ། ནུབ་ཕྱོགས་ཀྱི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་ཚང་མར་རྒྱུས་མངའ་ཡོད་པ་མ་ཟད། ཨིན་ཡིག་དང་། བོད་ཀྱི་ཆོས་རིག་གཉིས་ཀར་མཁྱེན་མྱོང་ཅན་ཞིག་ཡིན་པས་ཁོང་ཤེས་རིག་བཀའ་བློན་ལ་བསྐོ་འདེམས་ཐུབ་པ་ཡིན་ན། ད་ལྟ་ནུབ་ཕྱོགས་སུ་ཡོད་པའི་བོད་སྐད་ཡིག་དང་རིག་གཞུང་སློབ་གྲྭར་བཙན་བྱོལ་བོད་ཕྲུག་བརྒྱ་ཆ་ ༥༠ ལྷག་ཆགས་ཡོད་པ་དེ་དག་ལ་བོད་ཀྱི་སྐད་ཡིག་དང། ཆོས་རིག་སློབ་ཁྲིད་དུས་དང་བསྟུན་པའི་བསྒྱུར་བཅོས་དང་། ཡར་རྒྱས་གཏོང་ཐུབ་པ་མ་ཟད། ཨ་རི་སོགས་ལ་བོད་པའི་སློབ་གྲྭ་ཞིག་ཟུར་དུ་འཛུགས་ཐུབ་མིན་དང་། གལ་སྲིད་འཛུགས་དགོས་ན་ཇི་ལྟར་བྱ་དགོས་མིན་སོགས་ཐུགས་ཉམས་མྱོང་ཧ་ལས་པ་ཡོད་པས། ཤེས་རིག་བཀའ་བློན་ལ་ཨ་རིར་གནས་བཞུགས་རྒན་ནུབ་པ་བསྟན་འཛིན་འཆི་མེད་ལགས་རེད། ཅེས་སྐད་ཤུགས་ཆེན་པོས་བཤད་ཐེངས་གཅིག་ལ་བཤད་པས། ངའི་སྐད་ཀྱང་འགག་ནས་བཤད་མཚམས་འཇོག་དགོས་བྱུང་པས། ངའི་གྲོགས་པོའི་ངོ་ཤེས་ཇ་ཁང་ནང་ལ་ཡོད་པ་ཚོས་དགད་མོ་དང་བཅས། འོ་ཛི། དེ་འདྲ་ངར་དགོས་མ་རེད། ཅེས་ཀུ་རེ་དང་བརྙས་བསྐོ་མཁན་ཡང་བྱུང་།

དེ་ནས་ང་ཚོས་སྐད་ཆ་མང་པོ་བཤད་ཁོམས་མེད་པར་། ངའི་གྲོགས་པོར་ལས་བྲེལ་ཡོད་སྟབས། ཉིན་གུང་ཁ་ལག་མཉམ་དུ་བོད་ཀྱི་གསོལ་མགྲོན་ཁང་དུ་བཟས་ནས་དགོང་དྲོ་ཕྲན་དྷ་ས་ནས་ཕྱིར་ལྡི་ལིར་ཐོན་པ་དང་། དེ་རིང་ཞོགས་པ་ཡིག་ཉོག་དེ་ལྡི་ལིའི་མགྲོན་ཁང་ནང་ལ་མགྱོགས་པོར་བྲིས་པ་དགེའོ། །

བསམ་ཚུལ།, རྩོམ་རིག, ལྷུག་རྩོམ།

Post navigation

Previous Post: མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
Next Post: ཕྱག་ན་པདྨོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  •        ཚན་རིག་གི་ཤེས་བྱ།
  • ཕྱག་ན་པདྨོ།
  • ཇ་ཁང་ནང་གི་བཀའ་ཤག
  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ཕྱག་ན་པདྨོ། (2)
  • ཇ་ཁང་ནང་གི་བཀའ་ཤག (2)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme