གཡུ་སྒང་དགེ་འདུན།
མ་ལུས་འགྲོ་ཀུན་བརྩེ་ཆེན་ཞགས་པས་ཉེ་བར་བཟུང་བའི་འཇིག་རྟེན་མགོན།།
ཉོན་མོངས་དུག་ལྔའི་མུན་ཚོགས་འཇོམས་པའི་ཡེ་ཤེས་གཏེར་ཆེན་འཇམ་དཔལ་དབྱངས།།
གཟུགས་ཅན་གཟུགས་མེད་དགྲ་དང་བགེགས་རྣམས་ཐལ་བར་བརླག་མཛད་མཐུ་སྟོབས་བདག །
རིགས་གསུམ་གཅིག་བསྡུས་གངས་ཅན་མགོན་པོར་མི་ཕྱེད་དད་པས་གུས་ཕྱག་འཚལ།།
ཁྱེད་ཀྱི་མཚན་དཔེའི་མེ་ཏོག་དཀར་པོ་མདོ་སྨད་ཙོང་ཁའི་རི་འདབས་སུ།།
བཞད་པའི་སྐལ་བཟང་དཔྱིད་ཀྱི་དཔལ་ཡོན་ས་ཆེན་གོ་ལའི་ངོགས་སུ་རྒྱས།།
བྱམས་བརྩེའི་ཕྱག་ཟུང་ཕྱོགས་བཅུར་བརྐྱངས་ཏེ་ཉམ་ཐག་སྡུག་གི་དོང་ལས་དྲངས།།
མཛད་འཕྲིན་སྤྲིན་བྲལ་ཉི་ཟླའི་གཟི་བྱིན་གླིང་བདུན་ཆེ་དགུས་གཙུག་ཏུ་མཆོད།།
གངས་དཀར་ལྷུན་པོའི་ཕྲག་ལ་ཁུར་བའི་ཁྲི་གདུགས་ཉི་མའི་འོད་ཞགས་ཀྱིས།།
རྨོངས་པའིི་མུན་ནག་སྐྱབས་ལ་རེ་རྣམས་བདེ་སྐྱིད་སྣང་བའི་ཞིང་ཁམས་དང་།།
དགེ་ལེགས་པདྨོའི་ཟེའུ་འབྲུ་འབུམ་གྱིས་དད་ལྡན་བུང་བ་མགྲོན་དུ་འགུགས།།
ལེགས་བཤད་ཕན་འབྲས་སྦྲང་རྩི་མངར་མོ་ཟུངས་སུ་མི་འཛིན་སུ་ཞིག་ཡོད།།
ཅི་ཡང་མེད་པའི་རི་གྲོང་ཞིག་ནས་བརྩེ་ཆེན་ཐུགས་ཀྱིས་ས་གསུམ་འཇུས།།
མེད་མུག་སྣ་དགུའི་ཧྲག་བར་ཞིག་ནས་ཉམ་ཆུང་གྲོག་ཚང་སྐྱོང་ལ་ངལ།།
ལོ་དང་ཟླ་བ་ཅི་འདྲའི་འདས་ཀྱང་སེམས་ཀྱི་རེ་བ་ཆེར་བརྐྱངས་པའི།།
མི་འཇིགས་སྟོབས་བཅུའི་གོ་ཆ་གྱོན་པའི་ས་སྟེང་སེམས་དཔའ་ཁྱེད་ལས་སུ།།
མི་མཇེད་བདག་དང་མགྲིན་སྔོན་ཅན་སོགས་སྟོབས་དང་དྲགས་པའི་འབར་བ་རྣམས།།
སོར་བཅུའི་འདབ་མ་སྙིང་ཀར་སྦྱར་ཏེ་ལུས་ཀྱི་སྡོང་པོ་སར་འགྱེལ་ཏེ།།
འདའ་དཀའི་བཅས་ཁྲིམས་གཡར་དམ་གཉན་པོ་ཀླུ་དབང་གཙུག་གི་ནོར་བུ་ལྟར།།
བཀུར་ལ་བྲེལ་བའི་ཤཱཀྱའི་དགེ་སྦྱོང་ཁམས་གསུམ་འགྲོ་བའི་མགོན་དུ་འཕགས།།
མ་དག་ལས་ཀྱི་སྙེ་མ་རྙིད་པས་ཕྱི་ཚུལ་དུད་པའི་མགོ་ལྕོག་ལྡེམ།།
དུས་དང་སྐབས་ཀྱི་འཐོར་རླུང་དྲག་པོས་རང་གཤིས་ཉེས་པོ་ཕྱིར་མངོན་པའི།།
ཁ་གཅིག་ལྕེ་གཉིས་སྦྲུལ་གྱི་གཟུགས་དག་སྙིང་རྗེའི་ཕྱག་གིས་བསྐྱོར་བཞིན་དུ།།
རྒྱ་འདྲེ་འཐབ་པའི་གདོང་ལ་ལངས་པའི་དྲག་དཔུང་མེད་པའི་ཆོས་སྲིད་མགོན།།
ཇི་སྙེད་མཁས་པའི་ཟབ་བརླིང་རྣམ་དཔྱོད་འཇིག་རྟེན་བྱེད་པོས་བསྡུས་པ་བཞིན།།
འཇམ་མགོན་བླ་མའི་མཁྱེན་བརྩེའི་ནུས་སྟོབས་ནུབ་ཀྱི་ཕང་པར་ཡིབ་སྙམ་པ།།
སྲིད་ཞིའི་ཁམས་ན་དཔེ་ཟླ་མེད་ཕྱིར་རང་ཉིད་རང་གི་དཔེར་འགྲོ་བའི།།
ཕྱག་ན་པདྨོ་མི་ཡི་རྣམ་རོལ་སྡོམ་ལྡན་ངུར་སྨྲིག་འཛིན་པའི་གཙོ།།
བརྩེ་ཆེན་ཆུ་གཏེར་རླབས་ཀྱི་ཕྲེང་བ་རིམ་བཞིན་བརྩེགས་པའི་རྩེ་མོ་ནས།།
ལེགས་བཤད་གསེར་གྱི་ཟེགས་མ་འཐོར་བས་ཡིད་ཀྱི་བདེ་བའི་ཞིང་ཁམས་བསྐྲུན།།
སྔོན་བྱོན་མཁས་པའི་ལེགས་བཤད་འབུམ་གྱི་ཉིང་བཅུད་ཕྱོགས་གཅིག་རུག་ཀྱང་རུང་།།
ཁྱེད་ཀྱི་གསུང་གི་ཆ་ཤས་ཙམ་ཡང་གཞལ་བའི་གོ་སྐབས་བསྐལ་བར་དབེན།།
དོན་དངོས་ལོ་རྒྱུས་གསེར་གྱི་རི་མོ་མཁའ་ཡི་རྣ་ཆ་རི་བོང་འཛིན།།
ཚད་ཐུབ་གླེགས་བམ་བརྗིད་ཆགས་ལྷུན་པོ་བང་རིམ་བརྩེགས་པའི་ཕྲག་ན་གསལ།།
འོན་ཀྱང་སྐབས་དུས་འགྱུར་འགྲོས་རླུང་གིས་གཉིས་སྨན་དབུ་མའི་ལམ་ཡངས་པོར།།
ས་ཆེན་དཔོན་གྱི་རྒྱབ་རྟེན་བྲག་རི་ཆེས་ཆེར་བརྟས་པ་ཡིད་ཀྱི་དཔྱིད།།
བསྐལ་ཆེན་དུ་མར་ཚོགས་གཉིས་རྒྱ་མཚོའི་རླབས་ཀྱི་ཕྲེང་བ་བརྩེགས་པ་ལས།།
འཛམ་གླིང་མཛའ་མཐུན་ཞི་བདེའི་ལེགས་ཚོགས་ཁྲི་འབུམ་ཁྲིག་གཅིག་བསྡུས་པའི་གནད།།
ཟབ་ལམ་དམ་ཆོས་བདུད་རྩིའི་ཉིང་བཅུད་བདག་ལས་གཞན་གཅེས་ནོར་བུའི་རྒྱན།།
སྤྱི་བོར་སྤུད་པས་གོ་ལ་འདི་ཡི་ཞི་བདེའི་མགོན་པོ་བདག་གིར་བཞེས།།
གནས་ཡུལ་གཞུང་གིས་ཆེས་མཐོའི་ཞི་བའི་(Bharat Ratna)གཟེངས་རྟགས་འབུལ་བར་མ་ནུས་ཀྱང་།།
སྟོབས་ལྡན་ཨ་རིས་གསེར་གྱི་རྟགས་མ་གང་གི་ཕྱག་རྩེར་སོན་པ་ན།།
སྙན་པའི་གྲགས་པ་དུང་གི་སྒྲ་དབྱངས་ཕྱོགས་དང་ཕྱོགས་མཚམས་ཀུན་ཏུ་ཁྱབ།།
མཛད་འཕྲིན་གདུགས་ཀྱི་ཡུ་བར་འཇུས་པའི་གདུང་དམར་པ་ཚོར་ལས་སྐལ་ཆེ།།
ཟབ་བརླིང་ཐུགས་ཀྱི་རྒྱ་མཚོའི་འཇིངས་སུ་ལྟ་གྲུབ་རིགས་པའི་གཙང་བོ་དྲངས།།
ཆོས་སྲིད་གསེར་གྱི་རྩིབས་སྟོང་འཁོར་ལོས་ཕྱོགས་བཅུའི་འཇིག་རྟེན་མུ་ཁྱུད་འཛིན།།
མཛའ་བརྩེའི་ཕྱི་ཐག་དངུལ་ཟམ་རིང་པོ་འཛམ་གླིང་མཛེས་མའི་སེམས་ལ་བཙུགས།།
བློས་ཐུབ་གྲོགས་ཀྱི་དྭངས་མ་སྙེད་དག་ཁྱེད་ཀྱི་བཀའ་དྲིན་ཉག་གཅིག་ལགས།།
གང་སྐུ་གཡོ་མེད་ས་འཛིན་དཀར་པོ་བརྗིད་ཆགས་མཛེས་སྡུག་དང་ལྡན་ཞིང་།།
ཆོས་སྲིད་གསུང་གི་ལྷ་ཡི་ཆུ་བོ་བསྐལ་བར་འབབ་པའི་ཀློང་ཡངས་སུ།།
མགོན་གང་ཐུགས་བརྩེའི་འོ་མའི་མཚོ་ལས་རྟག་བརྟན་འཕྱོ་བའི་རླབས་ཕྲེང་རིས།།
ལེགས་འཁྲུངས་དད་གསུམ་རླུང་གིས་བསྒུལ་འདིས་དགེ་ལེགས་རྒྱུན་མི་འཆད་པར་ཤོག།