Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

།།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།

Posted on 2026-03-022026-03-02 By ཁ་བརྡ་ No Comments on །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།

ཆོས་དབྱིངས་ཀློང་ན་སྤྲོས་པའི་མཐའ་བརྒྱད་མཚན་འཛིན་རྡུལ་བྲལ་འོད་ལྔའི་ཐིག་ལེ་ཆོས་སྐུ་ཀུན་ཏུ་བཟང་པོ་མཆོག།

འོག་མིན་ཞིང་ན་ངེས་པ་ལྔ་ལྡན་མིག་འཕྲུལ་ཇི་བཞིན་རོལ་བ་འབྱམས་ཀླས་ལོངས་སྐུ་འོད་མཐའ་ཡས་པ་དང་།།

རིག་འཛིན་དཔའ་བོ་དཔའ་མོའི་ཚོགས་རྗེ་ཞི་ཁྲོའི་དཀྱིལ་འཁོར་སྤྲོ་བསྡུའི་བྱེད་པོ་སྤྲུལ་སྐུ་ཨོ་རྒྱན་ཆེན་པོ་ཞེས།།

མཚན་སྙན་གདུགས་དཀར་གཡས་སུ་འཁོར་བའི་གཟི་བྱིན་ཉི་ཟླའི་འོད་རླབས་སྤྲོ་མཛད་ཁྱབ་བདག་བླ་མའི་བླ་མར་འདུད།།

རྒྱལ་ཀུན་གསང་གསུམ་ཚངས་པའི་མཚོ་ཆེན་སྲིད་ཞིའི་མཛེས་སྡུག་མཎ་ད་རས་བསྲུབས་དབྱངས་ཅན་དཔལ་གྱི་འཇོ་སྒེག་མས།།

ཤེས་བྱའི་དཀྱིལ་འཁོར་གཞི་ཡི་ཁྱོན་ཀུན་ཤེལ་དཀར་ཏམ་བུ་ར་ཡི་རྒྱུད་དུ་ལེགས་དྲངས་སྙན་ངག་ཆེན་པོའི་རྒྱན།།

དེ་རིང་བྱིན་རླབས་སྦྲང་རྩིའི་ཟུར་མིག་འཇམ་དཔལ་དཔའ་བོའི་ཡིད་ཀྱི་བརྟན་འཕྲོག་རིག་བྱེད་དབྱངས་བདུན་རྫོགས་པའི་གླུ།།

བདག་གི་མགྲིན་པ་ལོངས་སྤྱོད་འཁོར་ལོར་ཤིས་པའི་མེ་ཏོག་ཕང་ཕུང་རབ་བརྩེགས་རྩ་གསུམ་མཆོད་པའི་སྤྲིན་དུ་སྤྲོས།།

གངས་རིའི་མུ་ཁྱུད་བསྟར་ལ་བརྒྱུས་པས་སྲིད་ཞིའི་ཕྱ་གཡང་མགྲོན་དུ་འགུག་པའི་བསིལ་ལྡན་ཁ་བའི་འཇིག་རྟེན་ཆེར།།

རྒྱལ་བསྟན་ཡོངས་རྫོགས་མདོ་སྔགས་ལམ་བཟང་ནག་ཕྱོགས་བདུད་སྡེའི་གྲོང་ཁྱེར་འཇིག་བྱེད་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།།

འདྲེན་མཛད་ཆོས་རྒྱལ་མེས་དབོན་རྣམ་གསུམ་སྤྲུལ་པའི་ལོ་པཎ་མཛད་རྗེས་དྲན་ཚེ་དད་གུས་སྙིམ་པའི་མེ་ཏོག་ཕྲེང་།།

རྗེས་དྲན་སོར་མོའི་རྒྱན་དུ་དཔྱངས་ཏེ་ཉིན་མཚན་རྣམ་དཀར་ཆོས་ཀྱི་བགྱི་ཞེས་དམ་བཅའི་རི་མོ་སྙིང་ལ་འབྲི།།

རིག་འཛིན་བྱེ་བའི་རལ་བའི་མེ་ཏོག་ཞབས་པད་མཛེས་པའི་རྒྱན་དུ་ལེན་མཁས་རྒྱལ་དབང་པདྨ་ཀ་ར་ཡི།།

ཟབ་གཏེར་སྦྲང་རྩིའི་བཅུད་ལ་འཐུངས་པའི་སྤྲུལ་པའི་གཏེར་སྟོན་ར་ཡིག་གཉིས་པའི་ཚོགས་ཆེན་རྒྱུན་མི་ཆད་པའི་དབུས།།

མངོན་མཐོའི་མཚན་སྙན་སྤྲིངས་ཡིག་དམར་པོ་སྲིད་ཞིའི་ཁོར་ཡུག་ཀུན་ཏུ་འཕུར་བའི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཞེས།།

བཀའ་གཏེར་འཁོར་སྒྱུར་འགྲོ་བའི་དེད་དཔོན་ལྷ་མིའི་མཆོད་སྡོང་སྔ་འགྱུར་བསྟན་པའི་མགོན་དང་དཔུང་གཉེན་གཅིག་བུ་བྱོན།།

གང་ཁྱེད་ན་ཚོད་གཞོན་པའི་དུས་ནས་འཇམ་དཔལ་དཔའ་བོའི་མཁྱེན་རབ་ཀློང་བརྡོལ་ཤེས་བྱའི་གནས་ཀུན་ཐུགས་སུ་ཆུད།།

དག་སྣང་སྒྱུ་མའི་རོལ་གར་སྣ་ཚོགས་ཆུ་ཟླའི་སྣང་བརྙན་སོ་སོར་མ་འདྲེས་ལྷག་ལྷ་རབ་འབྱམས་རྒྱ་མཚོའི་ཚོགས།།

ཡབ་གཅིག་གསང་བདག་འཕྲིན་ལས་ལྷུན་འགྲུབ་གངས་ལྗོངས་འཁོར་སྒྱུར་ལྔ་པ་ཆེན་པོ་མཁས་གྲུབ་ཞབས་སྐྱེས་པད་མའི་རྡུལ།།

གནག་སྣུམ་རལ་བའི་རྒྱན་དུ་བཞེས་ཏེ་ཟབ་རྒྱས་གདམས་པའི་སྦྲང་བཅུད་ལ་རོལ་ལུང་རྟོགས་ཡོན་ཏན་བྱེ་བའི་གཏེར།།

ཟབ་རྒྱས་མདོ་སྔགས་ཛ་ཧུའི་བུ་མོ་མཁྱེན་རབ་རལ་བའི་ཀློང་དུ་ལེགས་འཁྱིལ་ཡོངས་འཛིན་ཚངས་ཆེན་ལྔ་བཅུ་ལྷག།

མཉེས་པ་གསུམ་གྱིས་ལྷག་པར་མཉེས་བྱས་བཀའ་གཏེར་ཆོས་ཚུལ་རྒྱ་མཚོའི་བདུད་རྩི་ཉིན་མཚན་ལོང་ཡོད་ཡོངས་སྤངས་ཏེ།།

ཐུགས་གསང་གསེར་གྱི་བུམ་པ་བཟང་པོར་ལེགས་པར་བསྐྱིལ་བའི་རྣམ་ཐར་བཟང་པོ་ལྷ་དང་བཅས་པའི་འཇིག་རྟེན་དུ།།

གྲགས་དཀར་རོལ་མོའི་དབྱངས་བདུན་མ་ལུས་ལུས་ཅན་དགའ་བའི་དཔྱིད་དུ་འཇོ་མཛད་རོང་ཀློང་སྒྱུ་མའི་རོལ་གར་ཉིད།།

རྒྱལ་སྲས་དཔའ་བོ་འབུམ་དགུའི་དབུས་ན་ཌཱ་ཀིའི་སྙིང་གི་དྭངས་མ་ལ་འཕོས་ཨོ་རྒྱན་ཆེན་པོའི་ཟབ་གཏེར་གྱི།།

སྒོ་འཕར་ཆེན་པོ་བསྟན་འགྲོའི་དཔལ་དུ་ལེགས་པར་ཕྱེས་པའི་ངོ་མཚར་མཛད་འཕྲིན་མིག་འཕྲུལ་ཇི་བཞིན་བསྟན་པའི་ཚེ།།

སློབ་དཔོན་ཡབ་ཡུམ་དགྱེས་པའི་ཚེམས་དཀར་རབ་དཀར་གངས་རིའི་ཕྲེང་བའི་རྗེས་འགྲོ་སྙིགས་མ་མུན་པའི་གཤེད་གྱུར་ཅིང་།།

སྔ་འགྱུར་ཕ་ནོར་བཀའ་མའི་ཟབ་ཆོས་འཐོར་བ་བསྡུས་ཤིང་བསྡུས་པ་ལེགས་སྒྲིག་གདམས་ངག་ནོར་བུའི་མཛོད་ཆེན་བསྐྲུན།།

བསྟན་རྩ་འདུལ་བ་འཛིན་པའི་འདུས་སྡེ་རིག་འཛིན་སྔགས་ཀྱི་འཕྲིན་སྒྲུབ་ཕྱག་བཞེས་རྨད་བྱུང་ཆོས་ཀྱི་སྡེ་ཆེན་པོ།།

འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ཞེས་ས་ལ་སྤྱོད་པའི་ཨོ་ཌི་ཡ་ན་བཀོད་ལེགས་རྣམ་རྒྱལ་ཁང་བཟང་བཞིན།།

གཞི་གསུམ་སྲོལ་བཟང་སྡོམ་གསུམ་རབ་གཙང་ཐོས་བསམ་སྒོམ་པའི་བསྟི་གནས་དམ་པ་ས་ལ་འཐོར་བའི་རྒྱུ་སྐར་གྱི།།

གྲངས་ལ་འཕྱ་བའི་དགེ་འདུན་འདུས་སྡེ་སྔ་འགྱུར་བསྟན་པའི་ཆུ་མགོ་ཆེན་པོ་མགོན་ཁྱེད་ཐུགས་བསྐྱེད་འཕྲུལ་ལས་བསྐྲུན།།

ཁྲི་རབས་ཉི་མའི་འོད་ཕྲེང་རེ་རེས་སྙིགས་མུན་ནགས་ཀློང་ཐལ་བར་སྲེག་ཅིང་རྫོགས་ལྡན་དགའ་ཚལ་རྒྱས་བྱེད་ཅིང་།།

མཁན་རབས་ཟླ་བའི་དཀྱིལ་འཁོར་རབ་རྒྱས་ཉེས་བྱེད་ཚ་གདུང་ལྷག་མེད་འཇོམས་མཛད་ཐུབ་བསྟན་སྔོ་བསང་རྒྱན་མཛེས་པའི།།

འོག་མིན་ཆོས་སྡེ་སྤྲིན་སྔོན་ཀློང་ལས་རིང་བརྒྱུད་བཀའ་མའི་སྦྲང་ཆར་ལེགས་འཇོ་གཏེར་མའི་གློག་ཞགས་དྲག་ཏུ་འཁྱུགས།།

ཐུན་མོང་ཐ་སྙད་གཙུག་ལག་རྒྱ་མཚོའི་རླབས་ཀྱི་མེ་ཏོག་དུས་སུ་བཞད་པས་བློ་གསལ་དགའ་བའི་གསོས་སུ་སྨིན།།

མཁས་པའི་གཙུག་རྒྱན་ཆོས་ཀྱི་དཔལ་ལྡན་མི་འགྱུར་དཔལ་གྱི་སྒྲོན་མ་ལ་སོགས་སྨྱོས་རིགས་ལྷ་ཡི་མྱུ་གུའི་ཚོགས།།

གཅིག་ལས་གཅིག་ལྷག་སྔ་འགྱུར་བསྟན་པའི་གདུགས་དཀར་སྲིད་ཞིའི་མཁའ་རུ་བསྒྲེངས་མཛད་རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས།།

སྙིགས་ལྔའི་མུན་ཁྲོད་ཐུགས་བསྐྱེད་ཉི་གཞོན་ངག་དབང་མཁྱེན་བརྩེ་ནོར་བུའི་འོད་སྣང་རྒྱལ་བསྟན་ལྷ་ལམ་མཛེས་བྱེད་པའི།།

བསྟན་འཛིན་རིམ་བྱོན་ཞབས་རྗེས་མེ་ཏོག་བཤད་སྒྲུབ་དྲི་བསུང་ཕྱོགས་ཀྱི་བུ་མོའི་ལང་ཚོའི་རྒྱན་དུ་གྱུར་པ་དྲན།།

མཚོ་སྐྱེས་རྡོ་རྗེ་མི་ཡི་རྫུར་ཞུགས་མཚུངས་མེད་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་མཛད་རྗེས་བརྗོད་ཀྱིས་མི་ལངས་ཤིང་།།

མཚོ་རྒྱལ་སླར་ཡང་མི་མོའི་གཟུགས་སྤྲུལ་མི་འགྱུར་དཔལ་གྱི་སྒྲོན་མ་ཞེས་གྲགས་མཁའ་སྤྱོད་དགའ་མའི་སྒྱུ་འཕྲུལ་གར།།

པདྨའི་ཟབ་གཏེར་འཁོར་ལོས་བསྒྱུར་གང་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལྗགས་ཀྱི་པད་མོ་ལས་འོངས་པའི།།

བཀའ་གཏེར་བརྒྱུད་པའི་ཞལ་ཆབ་དྲོན་མོ་ཁ་འབབ་རྣམ་བཞིའི་དཔལ་ཡོན་རབ་རྫོགས་སྒྲིབ་གཉིས་དྲི་མ་ལྷག་མེད་བཀྲུས།།

ནག་ཕྱོགས་ཀླ་ཀློའི་ཆུ་ཁུར་ནག་པོས་ཐུབ་བསྟན་ཉི་མའི་དཀྱིལ་འཁོར་ཡོངས་བསྒྲིབས་འཇིག་རྟེན་མུན་པའི་གླིང་དུ་བསྒྱུར།།

དགེ་འདུན་འདུས་སྡེ་གཙུག་ལག་ཁང་བཟང་སྐུ་གསུང་ཐུགས་རྟེན་མཆོད་པའི་ཉེར་སྤྱད་རྡུལ་དུ་བཤིགས་ཏེ་གང་སར་འཐོར།།

དགེ་བའི་བཤེས་གཉེན་ཁྲི་སྟོང་མང་ཞིག་བཙོན་དུ་བཅུག་ཅིང་སྐུ་སྲོག་ལ་བསྡོས་སྡོམ་གསུམ་རྒྱ་ལས་བཙན་གྱིས་འགོངས།།

ལྷ་མིའི་གཉེན་གཅིག་པད་དཀར་འཆང་བ་རིས་མེད་ཆོས་བརྒྱུད་བླ་ཆེན་དུ་མ་བོད་མི་བརྒྱད་ཁྲི་སྐྱབས་བཅོལ་ཕེབས།།

དེའི་ཚེ་སྨིན་གླིང་ཆོས་ཀྱི་ཁྲི་ལ་ཞབས་པད་སར་བ་སར་བའི་མེ་ཏོག་ལེགས་བཀོད་ཁྲི་ཆེན་ཀུན་བཟང་མཚན།།

སྐུ་འཁོར་དང་བཅས་རབ་དཀར་གངས་རིའི་ཕྲེང་བ་མཐོན་པོ་འཕྲེད་དུ་བཅད་དེ་འཕགས་པའི་ཡུལ་དུ་ཞབས་སོར་བཀོད།།

ཐུགས་བསྐྱེད་མ་རྨད་རྫོང་ནོར་མཆོག་སྤྲུལ་ལྷག་བསམ་ཟླ་མེད་མཁོ་ཁྱིམ་ཞེས་བྱ་སྔ་འགྱུར་བསྟན་པའི་མཛེས་རྒྱན་ཟུང་།།

མཉན་ཡོད་མགོན་མེད་ཟས་སྦྱིན་རྗེས་འགྲོ་གུང་ཐང་ཚུལ་ཁྲིམས་ཏིས་ཅང་བ་སིའི་སྦྱིན་བདག་རྟེན་འབྲེལ་ལེགས་པར་འགྲིགས།།

དགེ་བཅུ་འཛོམས་པའི་གནས་ཆེན་འདི་ཡི་གནོད་སྦྱིན་ཕྱོགས་ན་ལྷུན་སྟུག་ས་འཛིན་རང་བྱུང་ལྕགས་རིའི་ཚུལ་དུ་འགྱིངས།།

ལྷ་ཡི་ཆུ་བོ་གང་གའི་གཙང་ཆེན་ཆལ་ཆིལ་རྦ་རླབས་ཝུ་དཀར་མེ་ཏོག་སྒེག་མོའི་འགྲོས་ཀྱིས་ལྷོ་རུ་འབབ།།

རྡེ་ར་རྡུན་ཞེས་རྨུག་འཛིན་བང་བ་མཁོ་དགུའི་ནོར་གྱི་ཚོང་ཟོག་སྣ་ཚོགས་བཀོད་ལེགས་ཁང་བཟང་གནའ་དེང་གི།

ཁྱད་ཆོས་དག་ནི་གཅིག་ལ་གཅིག་འགྲན་དོན་འགྲུབ་གླིང་དང་བདེ་སྐྱིད་གླིང་སོགས་སྐྱབས་བཅོལ་བོད་མིའི་གཞིས་ཆགས་མང་།།

རྒྱལ་དབང་པདྨ་ཀ་རའི་ཐུགས་བསྐྱེད་དབང་ཕྱོགས་ལྷ་ལམ་ཡངས་པོའི་དཀྱིལ་འཁོར་ཁྲི་ཆེན་ཉིན་བྱེད་ཀྱིས་མཛེས་པས།།

འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པའི་འཛུགས་སྐྲུན་དག་ནི་ཡར་ངོའི་ཟླ་གཞོན་རྗེས་སུ་སོང་།།

རིག་གྲོལ་འདུས་སྡེའི་གཙུག་ལག་ཁང་བཟང་ཐུབ་དབང་སྐུ་བརྙན་ལྷ་བབས་མཆོད་རྟེན་མ་ཧཱ་གུ་རུའི་མཐོང་གྲོལ་སྐུ།།

སྟོན་པའི་སྐྱེས་རབས་གུ་རུའི་རྣམ་ཐར་རིག་འཛིན་བླ་བརྒྱུད་ངོ་མཚར་ལྡེབས་རིས་དད་གསུམ་མེ་ཏོག་བརྩེག་པའི་ཡུལ།།

གོང་ས་ལྷ་མིའི་རྣམ་འདྲེན་ཆེན་པོ་ཁྲི་ཆེན་ཀུན་བཟང་དབང་གི་རྒྱལ་པོ་འཁྲུལ་ཞིག་ཆོས་ཀྱི་བློ་གྲོས་མཆོག།

སྟག་ལུང་རྩེ་སྤྲུལ་འཇམ་དབྱངས་མཁྱེན་བརྩེ་ཞེ་ཆེན་རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་སྤྲོ་བསྡུའི་གར་གྱི་སྒྱུ་འཕྲུལ་སོགས།།

བསྟན་པའི་དཔལ་གྱུར་བསྟན་འཛིན་ཆེན་པོ་པདྨའི་རྒྱལ་ཚབ་བེ་རོ་དངོས་བྱོན་རོང་ཀློང་སྤྲུལ་པའི་ཟློས་གར་མཁན།།

ཟབ་རྒྱས་ཆོས་ཆར་ལྷ་ཡི་བདུད་རྩི་དུས་དང་དུས་སུ་འཇོ་བའི་གྲགས་དཀར་སུམ་རྩེན་བརྒལ་བའི་སྙན་པ་མཐོ།།

གནས་འདིའི་ཤར་ནུབ་ཡངས་པོར་ཕྱེས་པས་ཉི་ཟླའི་བགྲོད་ལམ་རིང་པོར་གྱུར་ཅིང་ལྷོ་ཕྱོགས་རྒྱལ་ས་རྡི་ལིར་ཉེ།།

བྱང་ཕྱོགས་གཉིས་འཐུང་གྲལ་དུ་བསྒྲིགས་འདྲའི་ལྷུན་སྟུག་ས་འཛིན་བརྩེགས་མར་བརྗིད་ལྡན་ནགས་ཀླུང་ཟད་མཐའ་མ་དམིགས་ཤིང་།།

གཉུག་མར་གནས་པའི་རི་སྐྱེས་སྤྲེའུ་འཕུར་ལྡིང་གར་རྩེན་འདབ་ཆགས་སྣ་ཚོགས་སྤང་ཐང་མརྒད་ཐགས་སུ་བཀྲ།།

ཁྱིམ་དང་ཁྱིམ་རེར་པད་མ་ཅན་གནས་དྲང་སྲོང་ཀུན་ཏུ་རྒྱུ་བ་ལ་སོགས་འགྲོ་ཀུན་སྡེ་བཞིའི་དཔལ་ལ་སྤྱོད།།

རྒྱལ་ཀུན་འཕྲིན་ལས་ཀརྨ་པ་ཞེས་མཁའ་ཁྱབ་སྐྱེ་རྒུའི་ཡིད་ཀྱི་བཅུད་ལེན་གང་དེའི་བདེ་སྟོང་བསྐྱེད་པའི་གྲོགས།།

དེ་ཡི་ཡང་སྤྲུལ་དེ་མ་ཐག་པ་རྗེ་བཙུན་སྨིན་གླིང་མཁའ་འགྲོ་མཆོག་ནི་མཁས་བཙུན་བཟང་པོའི་དཔལ་འབར་ཞིང་།།

སྡོམ་བརྩོན་འདུལ་བ་འཛིན་པའི་གཙུག་རྒྱན་སྨིན་གླིང་མཁན་ཆེན་དམ་པའི་ཚུལ་དགུས་སྐུ་གསུང་ཐུགས་གསུམ་རབ་མཛེས་ཤིང་།།

བླ་སྤྲུལ་མཁན་གསུམ་འདུས་པ་རྒྱ་མཚོས་ཉིན་མཚན་ལོང་ཡོད་ཡོངས་སུ་སྤངས་ཏེ་བཤད་སྒྲུབ་ལས་ཀྱི་འཁོར་ལོ་བསྐོར།།

ཉིན་བཞིན་འཛམ་གླིང་ཤར་ནུབ་སྐྱེ་བོ་ཆོས་ཀྱི་སྡེ་འདིས་ཡིད་རབ་བཀུགས་ཏེ་ཕྱོགས་བཞི་མཚམས་བརྒྱད་ལས་འོངས་པ།།

ཇི་ལྟར་སྦྲང་རྩིའི་ཁུར་རབ་ལྕི་བའི་མཛེས་སྡུག་པད་མའི་ཚལ་ཡངས་ལ་ཆགས་རྐང་དྲུག་འདུ་བའི་ཡོ་ལངས་བཞིན།།

ཉིན་མཚན་དབྱེར་མེད་ཆོས་ཀྱི་སྒྲ་སྒྲོག་སྔ་འགྱུར་བསྟན་པའི་གསེར་གྱི་རྒྱལ་མཚན་དཀའ་སྤྱད་དཔུང་བས་འདེགས་པ་འདིས།།

རྔ་ཡབ་པདྨ་འོད་ཀྱི་གྲོང་ཁྱེར་ཟངས་མདོག་དཔལ་གྱི་རི་བོའི་ཡང་རྩེ་སྐུ་གསུམ་གཞལ་མེད་ཁང་ཡང་དྲན།།

བསྐལ་བཟང་དུས་འདིར་གུ་རུའི་རྒྱལ་ཚབ་པད་མ་འོད་གསལ་མདོ་སྔགས་གླིང་པའི་རིགས་དང་ཆོས་ཀྱི་གདུང་འཚོབ་ཆེ།།

འགྱུར་མེད་བཤད་སྒྲུབ་ཆོས་ཀྱི་སེང་གེ་དཀྱིལ་འཁོར་རྒྱ་མཚོའི་སྤྲོ་བསྡུའི་བྱེད་པོར་མངོན་བཞེངས་སྔ་འགྱུར་བཀའ་མ་ཡི།།

སྨིན་བྱེད་དབང་དང་རྒྱན་རྟེན་ལུང་གི་ཟབ་རྒྱས་ཆོས་ཀྱི་སེང་གེའི་སྒྲ་དབྱངས་སྲིད་གསུམ་ཁོར་ཡུག་བསྒྲགས་པ་ན།།

གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ལ་སོགས་བརྒྱུད་ལྡན་བླ་མའི་ཚོགས་རྣམས་དགྱེས་པའི་བཞད་སྒྲས་འཇིག་རྟེན་ཡོམ་ཡོམ་གཡོ།།།

སྣང་གྲགས་རིག་གསུམ་ལྷ་སྔགས་ཡེ་ཤེས་སྒྱུར་བྱེད་དབང་གི་གསེར་འགྱུར་རྩི་མཆོག་ཐབས་མང་དཀའ་བ་མེད་པ་ཡི།།

གསང་ཆེན་སྔ་འགྱུར་ཆེ་བ་དྲུག་ལྡན་རྒྱལ་ས་ཆེན་པོར་ལྷར་བཅར་སྐྱེ་རྒུ་ཅིག་ཅར་འགོད་པའི་དཔལ་ཡོན་ཅན།།

ངོ་མཚར་ལྷ་བབས་མཆོད་རྟེན་ཆེན་པོའི་གཙུག་ལག་ཁང་བཟང་ག་ལ་བ་དེར་ཉིན་བཞིན་སྩོལ་བའི་ཆོས་ཆར་ལ།།

རོལ་བའི་རྡོ་རྗེ་མཆེད་ལྕམ་དག་ཀྱེ་སྙིགས་མ་མུན་པའི་སྔོ་བསང་ཁྱོན་དུ་པདྨའི་ཐུགས་རྗེ་ཟླ་འོད་གསལ།།

སྐྱེ་བོ་མང་ཞིག་ཕལ་ལ་ཆགས་ཤིང་སྒྱུ་མའི་ནོར་གྱིས་མགུ་བ་ལྷུར་ལེན་བདག་ནི་བཅུ་དྲུག་ན་ཚོད་ནས།།

ཚངས་སྲས་ལྷ་མོའི་ཁོལ་བོར་གྱུར་པས་དབྱངས་ཅན་རིག་པའི་རོལ་རྩེད་ལ་མོས་ཁྱབ་བདག་བླ་མའི་མཆོད་པར་ཡང་།།

སྙན་ངག་ཆེན་པོའི་མེ་ཏོག་ཕྲེང་བ་མཁས་པ་མགུ་བའི་ཚིག་རྒྱན་ཕུན་ཚོགས་སྣ་ཚོགས་གཏམ་གྱི་དྲི་བསུང་ཅན།།

བདག་བློའི་སྐྱེད་ཚལ་མཛེས་སྡུག་ཉམས་དགར་རྣམ་དཔྱོད་སོར་མོས་ལེགས་པར་བཏུས་ཏེ་དེ་རིང་མཆོད་པའི་སྤྲིན་དུ་སྤྲོས།།

འདི་ལས་བྱུང་བའི་དགེ་ཚོགས་ཅི་མཆིས་འཁོར་གསུམ་ཡོངས་དག་རྒྱ་ཡིས་བཏབ་སྟེ་དཔལ་ལྡན་བླ་མའི་ཚོགས་རྣམས་ཀུན།།

ཞབས་པད་རྡོ་རྗེའི་གཤིས་སུ་བརྟན་ཅིང་བཀའ་གཏེར་ཆོས་ཀྱི་ཆར་ཆེན་འབེབ་ཅིང་ཕ་མར་གྱུར་པའི་རིགས་དྲུག་འགྲོ།།

ཁྲེགས་ཆོད་ཐོད་བརྒལ་འཁར་བ་ལ་བརྟེན་རིག་འཛིན་རྣམ་བཞིའི་ཐེམ་སྐས་རིམ་བགྲོད་གཞོན་ནུ་བུམ་སྐུའི་རྒྱལ་སར་འཁྱོལ།།

འཛམ་གླིང་འདིས་གཙོ་མཐའ་དག་འཇིག་རྟེན་རྫོགས་ལྡན་དཔལ་གྱི་བདེ་སྐྱིད་ཀྱིས་འཚོ་ཁམས་གསུམ་འཁོར་བ་སྟོངས་ཕྱིར་བསྔོ།།

ཞེས་པ་འདི་ཡང་། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དུ་སྐྱབས་གཅིག་འཁོར་ལོའི་མགོན་པོ་སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་གི་དྲུང་དུ་སྔ་འགྱུར་ཡབ་ཆོས་རྙིང་མ་བཀའ་མའི་དབང་ལུང་གི་བདུད་རྩིའི་དཔལ་ལ་ལོངས་སུ་སྤྱོད་སྐབས། ཆོས་སྡེ་ཆེན་པོ་འདི་ག་ནས་པར་དུ་བསྐྲུན་པའི་གདན་ས་འདིའི་ཁྲི་རབས་དང་མཁན་རབས་རིམ་བྱོན་གྱི་ལོ་རྒྱུས་དེབ་དེའི་མཇུག་ཏུ། བདག་གི་བླ་མ་ཡོངས་འཛིན་རིན་པོ་ཆེའི་ཆོས་གྲོགས་ནང་མ། མཁས་དབང་ཨ་མདོ་དགེ་འདུན་ཆོས་འཕེལ་གྱིས་སྨིན་གླིང་ཁྲི་ཆེན་རིན་པོ་ཆེར་ཕུལ་བའི་ཀུན་བཟང་འཁོར་ལོ་སྙན་གྲགས་ཅན་དེ་བཀོད་ཡོད་པར་མཇལ་བའི་རྐྱེན་གྱིས། མ་ཧཱ་གུ་རུའི་ཐུགས་ཀྱི་སྲས་གཅིག་བེ་རོ་དངོས་བྱོན་སྐྱབས་རྗེ་འཁྲུལ་ཞིག་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། བཀའ་གཏེར་བསྟན་པའི་མངའ་བདག་སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་སོགས་རྙིང་མ་བཀའ་བརྒྱུད་ས་སྐྱ་ཇོ་ནང་དགེ་ལྡན་བཅས་ཀྱི་དགེ་བའི་བཤེས་གཉེན་དྲུག་ཅུ་རྩ་ལྔ་ཙམ་གྱི་ཞབས་པད་སྤྱི་བོར་བླངས་ཏེ་ཟབ་རྒྱས་དམ་པའི་ཆོས་ཀྱི་བདུད་རྩིའི་དཔལ་ལ་ལོངས་སུ་སྤྱོད་པའི་སྐལ་བ་བཟང་པོ་སྨིན་པ། དོ་སྤྲུལ་ཆོས་དབྱིངས་ཡེ་ཤེས་སམ་ཀླུ་སྨྱོན་ཧེ་རུ་ཀར་འབོད་པས། རང་ཉིད་བློ་གྲོས་ཀྱི་འཇུག་པ་ཧ་ཅང་དམན་ཡང་། སྔ་འགྱུར་བསྟན་པའི་ཆུ་མགོ་ཆེན་པོ། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔག་པའི་སྙན་ངག་ཅིག་བྲིས་ཏེ། ཆོས་སྡེ་ཆེན་པོ་འདི་དབུ་བརྙེས་ནས་ལོ་འཁོར་དྲུག་ཅུ་འཁོར་བའི་ལེགས་སྐྱེས་སུ་འབུལ་འདོད་སྐྱེས་ནས། དེ་ལུགས་སྤྲུལ་སྐུ་གྲགས་པ་རིན་པོ་ཆེར་ནང་གཏམ་མོལ་བར། ཁོང་གིས་འབྲེལ་ཡོད་དབུ་ཁྲིད་རྣམ་པར་སྙན་སེང་ཞུས་པར། དེ་ལྟར་བགྱིས་ན་ཤིན་ཏུ་ལེགས་པའི་བཀའ་བཟང་སྤྱི་བོའི་རྒྱན་དུ་བསྩལ་པས། སྔ་འགྱུར་བཀའ་མའི་ལྗགས་ལུང་ཞུ་ཞོར་བདུན་ཕྲག་གཅིག་ཙམ་གྱི་རིང་བྲིས་ཏེ་ལེགས་པར་གྲུབ་པ་འདིས་ཀྱང་། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་གཏེར་བདག་གླིང་པའི་གདན་ས་ཆེན་པོ་འདིའི་དགོན་མ་ལག་བཅས་པའི་བསྟན་འཛིན་གྱི་སྐྱེས་ཆེན་རྣམས་སྐུ་ཚེ་ཞབས་པད་རྡོ་རྗེའི་གཤིས་སུ་བརྟན་ཅིང་། བཀའ་གཏེར་ཆོས་ཀྱི་བདུད་རྩིའི་རྒྱུན་བཟང་པོ་རྒྱུན་ཆད་མེད་པར། མཁའ་ཁྱབ་སྐྱེ་དགུའི་ལས་ཉོན་ཚ་གདུང་སེལ་བའི་དཔྱིད་དུ་དུས་དང་དུས་སུ་འཇོ་བའི་རྒྱུར་གྱུར་ཅིག།

རྩོམ་རིག, སྙན་ངག

Post navigation

Previous Post: ན་ཟུག
Next Post: སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ། (68)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme