(བོད་མིའི་ཛ་དྲག་གི་འོས་ལངས་དང་བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་གླེང་བ།)
ཀུན་གྱིས་མཁྱེན་གསལ་ལྟར་བོད་ནང་དུ། གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམས་ཀྱིས་བོད་མི་རིགས་ཀྱི་རང་དབང་དང་བདེན་དོན་གྱི་ཆེད་དུ་གཅེས་པའི་ཚེ་སྲོག་འཕངས་མེད་དུ་དོར་ཏེ། རྒྱ་ནག་གི་དྲང་བདེན་མ་ཡིན་པའི་སྲིད་ཇུས་ཀྱི་བྱེད་བབ་ལ་རང་ལུས་མེར་སྲེག་གིས་ངོ་རྒོལ་བསྟུན་མར་བགྱི་བཞིན་པ་དང། འདི་ནི་རྒྱ་ནག་གི་དྲང་བདེན་མ་ཡིན་པའི་བྱེད་སྟངས་འོག་ནས་བོད་མི་ཚོས་སྤེལ་བའི་ཆེས་གཟི་བརྗིད་ལྡན་པའི་ལས་འགུལ་ཞིག་ཡིན་པར་མ་ཟད། བོད་རིགས་སྤུན་ཟླ་དག་གིས་གཙོས་པའི་དྲང་བདེན་ལ་དགའ་བ་ཡོད་པའི་འགྲོ་མི་ཡོངས་ཀྱིས་ཅིས་ཀྱང་རྒྱབ་སྐྱོར་དང་དོ་ཁུར་བྱ་དགོས་པའི་བྱ་བ་རླབས་ཆེན་ཞིག་ཀྱང་ཡིན་པ་རེད།
ད་ནི་བཙན་བྱོལ་བོད་མིར་མཚོན་ན་ཡང་བོད་མིའི་འཐབ་རྩོད་ཀྱི་གནས་སྟངས་འདི་ལ་དཔག་པའི་འཆར་གཞི་དང་གྲ་སྒྲིག སྟོབས་ཤུགས་དང་བློས་གཏོང་བཅས་ཁ་ཡོད་ལག་ཡོད་དུ་ལྡན་དགོས་པ་སྐབས་དང་དུས་སུ་བབ་འདུག་པ་དང་། ཁ་ལྕེ་ཡན་གྱི་སྐད་ཆ་མ་ཡིན་པར་ལས་འགུལ་དངོས་ལ་ཞུགས་པའི་སྦྱོར་བ་ཅི་ཡོད་རྩོམ་རན་འདུག་སྙམ།



