དབྱངས་གསལ་བར་གྱི་སྒྲུང་ཐུང་།
ཆབ་མདོ་ངག་ཕུན། སྔོན་གྱི་དུས་སུ་ལུང་པ་ཞིག་ཏུ་མི་སྣ་སུམ་ཅུ་ཡོད། ག་དུས་ཡིན་ན་ཁོ་ཚོ་སུམ་ཅུ་མཉམ་འགྲོ་མཉམ་འདུག་བྱེད་ཀྱི་ཡོད། ཉིན་གཅིག་ཁོ་ཚོ་ཕྱི་ལོགས་སུ་འཆམ་འཆམ་འགྲོ་རྒྱུ་བྱས། ཡིན་ནའང་ཀ་ལ་ན་ཚ་ཞིག་འཕོག་ནས་ཀ་པས་“དེ་རིང་ཁྱོད་ཚོ་ཕྱིན་ན་མ་གཏོགས་ང་ནི་འགྲོ་ཐུབ་ས་མ་རེད་”ཟེར། ཁ་པས་“ཀ་འགྲོ་མ་ཐུབ་ན་ང་ཚོ་ག་འདྲ་བྱས་ནས་འགྲོ་དགོས་རེད་“ཟེར། ག་པས་“བརྗོད་ནས་ཀ་འགྲོ་མ་ཐུབ་ན་ང་ཚོ་འགྲོ་ན་སྐྱིད་པོ་ཡོང་གི་མ་རེད་”ཟེར། ང་པས་“དེ་ག་རང་རེད། ང་འགྲོ་ནས་སྨན་པ་སྐད་གཏོང་ཡོང་”ཟེར་ནས་སྒོ་ནས་ཐོན་སྟེ་ཕྱིན། ཅ་པས་ལམ་སེང་སྡོད་གནས་ནས་ལངས་ཏེ་ཐབ་ཏུ་མེ་ཁ་ཕྱེས། ཆ་པ་ཡང་སྡོད་གནས་ནས་དར་གྱིས་་ལངས་ཏེ་ཆུ་ལེན་ཁར་འགྲོ་རོགས་བྱས། ཇ་པ་ཡང་སྡོད་གནས་ནས་ལངས་ཏེ་སྒོ་ཕྱིི་ནང་གད་སྙིགས་ཚང་མ་གཙང་མ་འཕྱག།།ཏ་པ་ཡང་ཁ་རོགས་བསྡད་ན་ཡག་པོ་མི་འདུག་བསམ་སྟེ་ལམ་སེང་ལངས་ཏེ་ནོར་ལུག་རྣམས་ལྷས་རྡང་ནས་བཏང་སྟེ་རི་ལ་དེད་ནས་ཕྱིན། རོགས་པ་ཐ་པ་ཡང་མཉམ་དུ་ཡོང་། དེ་ཉིན་རི་བོ་སྟོད་སྨད་ཚང་མ་སྔོན་ལྗང་ལྡན་པར་འགྱུར་ཞིང་། རྫི་རོགས་ཚོས་ཀྱང་ནོར་ལུག་དེད་ནས་ཡོང་བཞིན་ཡོད། ཁོ་ཚོའི་མཉམ་དུ་ཅི་འཕྲོས་མི་འཕྲོས་འདྲ་བཤད་ནས་དུས་རིང་བསྡད། ཏ་པས་“ཕྱི་པོ་ཆགས་སོང་”ཟེར་ནས་ཏ་པ་དང་ཐ་པ་གཉིས་ནང་དུ་ལོགས། ནང་དུ་སླེབས་པ་དང་། ད་པ་དང་ན་པ་གཉིས་ཀྱིས་ཁ་ལག་གཡོ་བཞིན་འདུག་པ་དང་། པ་པས་ལམ་སེང་སྡོད་གནས་ནས་ལངས་ཏེ་བམ་ཁྲི་སྟེང་ནས་རྩམ་སྒམ་ཕབ། ཕ་པས་དལ་གྱིས་ལངས་ཏེ་ཡར་ཐབ་ནས་ཁོག་ཏིག་ཕབ་སྟེ་སར་བཞག་པ་དང་། བ་པ་ཡང་དལ་གྱིས་སྡོད་གནས་ལངས་ཏེ་ཕོར་པ་དང་། ཐུར་མ་བཅས་ལྕོག་ཙེའི་ཐོག་ཏུ་བསྒྲིགས་ནས་བཞག །མ་པས་འོ་མ་དཀྲོག་བཞིན་འདུག་པ་དང་། མ་པ་དཀའ་ལས་ཁག་ནས་ངོ་གདོང་ནས་རྔུལ་ཆུ་ཐོན་བཞིན་མཆིས།…