སྤོབས་པ་མཐའ་ཡས།
ལྷོ་ཤར་ཨེ་ཤེ་ཡའི་དབུས་རྒྱུད་དུ་ལོ་རྒྱུས་རིང་ཞིང་གནས་བསྟན་སྡེ་བའི་ལུགས་ཀྱི་ཐུབ་པའི་བསྟན་པ་རིན་པོ་ཆེ་གཙོ་བོར་གྱུར་པའི་རིག་གཞུང་ངོ་མཚར་ཅན་གྱིས་ཕྱུག་པའི་ཡུལ་གྲུ་ཁེམ་བྷོ་ཌི་ཡ་ནི་དུས་རབས་ཉི་ཤུ་པའི་ལོ་རབས་བདུན་ཅུ་པར་ཁེ་མེར་དམར་ཤོག་པའི་གདུག་རྩུབ་ཅན་གྱི་གསར་བརྗེའི་ལས་འགུལ་དང་། ཝིད་ནམ་ལྷོ་བྱང་གི་དམག་འཁྲུགས་ལས་ཨ་མེ་རི་ཁས་མཁའ་ཐོག་གི་རྒོལ་རྡུང་དྲག་པོས་དམིགས་འབེན་ཡིན་མིན་གྱི་ཡུལ་མི་བགྲང་ལས་འདས་པ་དམར་གསོད་བཏང་བ་སོགས་ཀྱི་ལོ་རྒྱུས་ཐོས་ན་སྐྱི་གཡའ་བ་མང་པོ་ཞིག་བྱུང་ཡོད། ཡུལ་དེའི་རྒྱལ་པོ་ཤ་ཧ་ནུག་ལ་མཚོན་ན་མི་ཚེ་གང་བོར་ཁེམ་བྷོ་ཌི་ཡའི་ཆབ་སྲིད་ཀྱི་ལས་རིམ་ལ་ཞུགས་ཤིང་སྡུག་སར་ལྷུང་ནས་སྲོག་ཐོག་གི་ཉེས་ཆད་ཁྱབ་བསྒྲགས་ཡན་ཆད་བྱས་མྱོང་ཡང་༡༩༩༠ ནང་ནས་སླར་ཡང་ས་སྐྱོང་ཆོས་རྒྱལ་ཆེན་པོའི་ཁྲི་འཕངས་ལ་དབང་འབྱོར་ཐུབ་པ་བྱུང་བ་སོགས་དར་རྒུད་ཀྱི་གཏམ་རྒྱུད་རིང་མོས་ཡིད་དབང་འགུགས་པ་མང་དུ་མཆིས་སོ།
སྐབས་བབ་འདིར་ངས་འདི་བོད་ཀྱིས་སྐྱབས་བཅོལ་ཞུ་ཡུལ་ནོར་བའི་རྒྱུ་མཚན་ཞིག་དང་སྦྱར་ནས་འཆད་འདོད། དེ་ཡང་ཁེམ་བྷོ་ཌི་ཡའི་ཁི་མིར་དམར་ཤོག་པའི་རྒྱབ་སྐྱོར་ལྟེ་བ་དེ་རྒྱ་ནག་གུང་ཁྲན་གཞུང་ཡིན་ཞིང་རྒྱ་མི་གུང་ཁྲན་གྱིས་ཁོང་ཚོར་དམག་གི་ཉེར་མཁོ་མཁོ་སྤྲོད་དང་བཀོད་འདོམས་ལྟེ་བའི་འགན་འཁུར་གྱི་ཡོད། རྒྱལ་པོ་ཤི་ཧ་ནུག་གིས་ཁི་མིར་དམར་ཤོག་པའི་དྲག་ཤུགས་ལ་ཁ་གཏད་གཅོག་མི་ཐུབ་པ་ཤེས་ནས་ཐོག་མར་ཁོང་ཤར་རྒྱག་གིས་ཧྥ་རན་སིར་སྐྱབས་བཅོལ་དུ་བསྐྱོད། ཧྥ་རན་སིས་ལོ་ཧ་ཅང་མང་པོར་ཁེམ་བྷོ་ཌི་ཡ་དབང་བསྒྱུར་བྱས་མྱོང་བ་དང་དམག་ཆེན་གཉིས་པའི་རྗེས་སུ་ཁེམ་བྷོ་ཌི་ཡ་རང་བཙན་བྱུང་སྐབས་སུ་རྒྱལ་པོ་ཤི་ཧ་ནུག་འདི་ཡང་ཧྥ་རན་སིས་བསྐོ་བཞག་བྱས་པ་རེད། དེར་བརྟེན་ཧྥ་རན་སི་ནི་ནུབ་ཕྱོགས་ཀྱི་སྟོབས་ཅན་རྒྱལ་ཁབ་ཅིག་ཡིན་པ་ཙམ་དུ་མ་ཟད་དམིགས་བསལ་གྱི་འབྲེལ་བ་ཞིག་ཀྱང་ཡོད་སྟབས་ཁོང་ཧྥ་རན་སིར་སྐྱབས་བཅོལ་དུ་འགྲོ་བ་དེ་ཧ་ཅང་འོས་ཤིང་འཚམས་པ་ལྟ་བུ་ཡིན། སྤྱིར་བཏང་འབྲེལ་བ་ཟབ་མིན་ཙམ་ནས་བསམ་ན་ཧྥ་རན་སི་དང་རྒྱལ་པོ་ཤི་ཧ་ནུག་གི་འབྲེལ་བ་དེ་བོད་དང་རྒྱ་གར་གྱི་འབྲེལ་བ་ལས་བརྒྱ་འགྱུར་གྱི་འབྲེལ་ལམ་ཟབ་པ་ཡོད།
རྒྱལ་བ་རིན་པོ་ཆེ་དང་བོད་དོན།
ཁོང་དགུང་ལོ་བཅུ་དྲུག་གི་སྟེང་ནས་ “བོད་ཀྱི་བསྟན་པ་ཆབ་སྲིད་”དམ་ ཡང་ན་ “བོད་ཀྱི་རྩ་དོན་”འདི་ཕྲག་པར་བཞེས་ནས་ད་བར་མི་ལོ་དྲུག་ཅུར་ཉེ་བ་ཕྱིན་ཡོད། བོད་མི་ཚོས་ཁོང་གི་བཀའ་སྲུང་ཅི་སྒྲུབ་ཅེས་བརྗོད་མོད། སྐབས་མང་པོར་ཐུགས་ཕམ་ཡོང་བ་དང་ཐུགས་དགོངས་ཚོམ་པ་བཟོས་ཡོད། ཡིན་ན་ཡང་། ཁོང་གིས་ཉིན་ནས་ཉིན་སྦྲེལ། ཟླ་ནས་ཟླ་སྦྲེལ། ལོ་ནས་ལོ་སྦྲེལ་ཏེ་ “བོད་”དང་ “བོད་མི་”འདིའི་གཟུགས་པོ། སེམས། རིག་གཞུང་། ཆོས་གང་ཡིན་ཡང་ད་དུང་ཉམས་མེད་པ་ཞིག་བཟོས་ཡོད།…