Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མང་ཚོགས་ལ་འགན་ཁུར་ལན་འདེབས་བྱེད་དགོས།

Posted on 2015-10-062015-10-06 By ཁ་བརྡ 8 Comments on མང་ཚོགས་ལ་འགན་ཁུར་ལན་འདེབས་བྱེད་དགོས།

གླིང་གེ་སར།

 

སྲིད་སྐྱོང་མཆོག་ནས་ད་བར་ལས་དོན་ཇི་གནང་རྒྱ་ཆེ་མང་ཚོགས་ལ་འགན་ཁུར་ལན་འདེབས་སམ་རྩིས་རྒྱག་བྱེད་དགོས།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འཛིན་སྐྱོང་བཀའ་ཤག་གི་འགན་ཁུར་བཞེས་པ་ནས་ལོ་ངོ་ཧྲིལ་པོ་ལྔ་འཁོར་ལ་ཉེ་བའི་སྐབས་འདིར་ཁོང་དང་ཁོང་གི་བཀའ་ཤག་ནས་ཆབ་སྲིད། ཤེས་རིག  ཆོས་རིག  ནང་སྲིད། དཔལ་འབྱོར། ཕྱི་འབྲེལ། བདེ་འཇགས་དང་བདེ་སྲུང་། སྤྱི་ཚོག་བདེ་དོན་ལ་སོགས་ཐོག་ཕྱག་ལས་ཇི་གནང་ལ་མི་མང་ནས་བསྐྱར་ཞིབ་བྱེད་དགོས་པ་དང་སྲིད་སྐྱོང་ནས་ཀྱང་མི་མང་ལ་འགན་ཁུར་ལན་འདེབས་སམ་རྩིས་རྒྱག་བྱེད་རན་པའི་དུས་ལ་བབས་འདུག སྔོན་དང་རྗེས་སུ་ཁས་ཆས་པ་ཐམས་ཅད་གྲུབ་དགོས་པའི་ཁྱབ་པ་མེད་མོད། ཤེས་འཇོན་གཉིས་ཐད་ནས་དཀའ་ངལ་འཕྲད་སྲིད་ལ། གཞན་དབང་སྟབས་བསྟུན་ཀྱང་བྱེད་དགོས་རེད། འོན་ཀྱང་ཐམས་ཅད་རང་གི་བྱས་པ་དང་སྔོན་གྱི་སྐུ་ལས་བཀྱོན་ཚད་སྡིག་པ་མིག་བཙུམ་གྱིས་རང་གིས་བྱས་པར་ངར་ངར་ཤུབ་ཤུབ་ངོམས་པ། དེ་ཙམ་དུ་མ་ཟད་རྔམ་སྟོན་དང་འུར་ཤོབ་ཀྱི་སྐད་སྒྲ་འཛམ་གླིང་ས་ཐོག་གང་སར་སྒྲོགས་བཞིན་ཡོད། དེ་ཡང་འགོས་རྒན་ཁྲི་བཟང་ཡབ་ལྷག་གི་ མཛངས་ཡིག་ལས། གནའ་དུས་བཟང་པོ་ནི་ནུབ། ད་དུས་ངན་པ་ནི་ཤར། སྔ་མའི་མཁས་པ་ནི་འདས། ད་མའི་བླུན་པོ་ནི་སྐྱེས། དཔའ་བོ་སྟག་གི་རི་མོ་ནི་ཡལ། མོ་བཙུན་ངོ་ཚའི་གཡང་ལུགས་ནི་བུད། ཡ་རབས་ཀྱི་ཚུལ་ནི་མི་བཟུང་། མ་རབས་ཀྱི་སྤྱོད་པ་ནི་སྐྱོང་། ཕུགས་ཀྱི་ཁེ་ནི་མི་བརྩི། ཕྲལ་གྱི་རྩིས་གཏོང་ནི་བྱེད། ལེགས་པའི་སྲོལ་ནི་མི་འཛིན། ཉེས་པའི་དཔེ་ལ་འཇུག །མི་མཁས་པའི་རྗེས་སུ་མི་འབྲང་།  ཁྲམ་པའི་རྗེས་སུ་འཇུག །བཟང་པོའི་ལུགས་མི་བྱེད། ངན་པའི་བྱ་བ་བྱེད་པའི་མི་མང་པོ་བྱུང་། ཞེས་གསུངས་པ་བཞིན་དུས་ངན་རྫ་དྲག་གཉན་འཕྲང་གི་སྐབས་འདིར་ད་ལྟའི་སྲིད་སྐྱོང་གི་ལོ་ལྔ་འཁོར་ལ་ཉེ་བའི་སྐབས་སུ་གཤམ་དུ་བསྐྱར་ཞིབ་ཐུང་ངུ་འདི་སྙན་གསེང་ཞུ་རྒྱུ་ཡིན།

༧གོང་ས་མཆོག་གི་སྐུ་ཕྱྭའི་སྐོར་འཐུས་ཤོར་བཏང་བར་མང་ཚོགས་ཁྲོད་བློ་ཕམ་ཆེན་པོ་བྱེད་བཞིན་ཡོད། དཔེ་མཚོན་ཙམ་དུ་ཨ་རིའི་སན་ཕ་རན་སི་སི་ས་ཁུལ་དུ་ཞབས་འཁོད་སྐབས་ཀྱི་ཞུགས་གནས་མགྲོན་ཁང་ནང་༧གོང་ས་མཆོག་གི་འཁྲིས་སུ་དོལ་རྒྱལ་རྗེས་འབྲངས་སླེབས་ནས་༧གོང་ས་མཆོག་ལ་ཚད་མེད་ཞུས་པ་དེ་སྲུང་སྐྱོབ་ཀྱི་འགྲོ་སྟངས་ཀྱི་ཆ་ནས་འགལ་འཛོལ་ཆེན་པོ་བྱུང་ཡོད། བློ་བཟང་སེང་གེས་སྲིད་སྐྱོང་གནང་བ་ནས་དོལ་ཚོགས་ཀྱི་ཁ་ཇེ་ཆེར་དར་སོང་བའི་རྒྱུ་མཚན་ནི་བཀའ་ཤག་གོང་མ་བཞིན་ལན་འདེབས་ཁ་གཏད་མ་བཅག་པས་ཡིན་པ་གསལ་བོ་རེད་ལ་༧གོང་ས་མཆོག་གི་སྐུ་ཕྱྭའི་ཐོག་དེ་ཙམ་ཐུགས་སྣང་མེད་པ་ལྟ་བུའི་ར་འཕྲོད་བྱུང་བ་རེད།

༧གོང་ས་མཆོག་གིས་རིང་ནས་སྙིང་ལ་བརྣགས་པའི་འདོད་པའི་དོན་གཅིག་གྲུབ་སོང་ཞེས་བཀའ་ཕེབས་པ་དེ། ཤར་ཕྱོགས་ཁུག་རྟས་འགྲེལ་བཤད་གནང་བ་ལྟར་༧མགོན་པོ་གང་ཉིད་ཀྱི་སྲིད་ཀྱི་ཐུགས་འགན་རྣམས་འོས་འདེམས་བྱས་པའི་མགོ་ཁྲིད་ལ་རྩིས་སྤྲོད་གནང་ཐུབ་པ་ནི་རིང་ནས་དགོངས་པའི་འདོད་དོན་གཅིག་འགྲུབ་སོང་ཞེས་པར་གོ་དགོས་པ་ལས།  མི་མང་གིས་འོས་འདེམས་བྱས་པའི་མི་སུ་འདྲ་ཞིག་ཡིན་ཡང་ང་ལ་ཁྱད་པར་གང་ཡང་མེད་ཅེས་༧གོང་ས་མཆོག་གིས་སེ་རྭ་བླ་སྤྱིའི་འདུ་ཁང་དུ་གཞུང་མང་ཚོགས་ཆེན་གྱི་མཇུག་སྡོམ་སྟེང་བཀའ་ཕེབས་ཟིན་པ་དེ་རེད། དེས་ན་༧གོང་ས་མཆོག་གི་བཀའི་ཕེབས་སྒོ་ཚང་མ་དེ་བློ་བཟང་སེང་གེར་བསྟོད་བསྔགས་གནང་བའི་གནས་ཚུལ་རྩ་བ་ནས་མ་རེད། ༧གོང་ས་མཆོག་གི་བཀའ་ལ་ལོག་འགྲེལ་བྱེད་པ་འདི་མཐར་གཏུག་ན་རང་ཉིད་ལ་སྲིད་སྐྱོང་ཐོབ་ཆེད་ཡིན་པ་ཟུར་བལྟས་ལེབ་མཐོང་རེད་ལ་འོས་ཤོག་གི་ཆབ་སྲིད་ཐ་ཞན་དེ་འདྲ་སྤེལ་ན་བོད་ཀྱི་ཆབ་སྲིད་གནས་ཚད་དམའ་རུ་བཏང་བ་མ་ཟད་ལམ་སྲོལ་ངན་པ་ཞིག་ཆགས་ཀྱང་རྒྱུ་ཡིན་པ་ནི་ཞུ་མ་དགོས་པ་རེད།

རང་ལུས་མེར་སྲེག་གཏོང་མཁན་ཚོའི་མངོན་འདོད་ཆུད་ཟོས་གཏོང་གི་མིན། ང་ཚོ་ཁྱོད་ཚོའི་རྒྱབ་ཏུ་ཡོད། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་གི་ཡིན་ཟེར་བ་འདི་དག་སྲིད་སྐྱོང་གི་འབོད་ཚིག་ངོ་མ་དེ་རེད། དེ་གྲུབ་འབྲས་ཆེན་པོ་ལོན་ཡོད་ཅེས་གསུང་ཕོད་དམ། རང་ལུས་མེར་སྲེག་ཐད་རྒྱ་ནག་གཞུང་དང་མཉམ་སྲིད་སྐྱོང་ལའང་ནག་ཉེས་དང་འགན་འཁུར་གཅིག་མཚུངས་སུ་ཡོད། དེ་ནི་ཆབ་སྲིད་ཀྱི་ཁྲབ་སྟོན་དང་འོས་ཐོབ་ཆེད་ཀྱི་ཆབ་སྲིད་ཁྲབ་སྟོན་ཞིག་རེད། དེ་ནི་མི་མང་མགོ་བསྐོར་བཏང་བའི་སྐད་ཆ་ཞིག་ཀྱང་རེད།

དབུ་མའི་ལམ་གྱི་སྐོར་སྲིད་སྐྱོང་གིས་ཐུགས་འགན་བཞེས་པ་ནས་གོ་རྟོགས་སྤེལ་ཡོད་དམ། ལྷག་བསམ་རྣམ་དག་ཡིན་གོ་རྟོགས་སྤེལ་གོ་ཚོད་རེད། དེ་སྤེལ་མེད་པ་ནི་མི་ཀུན་གྱིས་ཤེས་ཀྱི་ཡོད་རེད། ད་ཆ་འོས་སླེབས་ལ་ཉེ་བའི་སྐབས་སུ་དབུ་མའི་ལམ་གྱི་ཟབ་སྦྱོང་དང་འོད་ལྡེར་འགྲེམས་སྤེལ་བྱ་དགོས་དོན་ཅི་རེད། སྲིད་བྱུས་ཉམས་ཞིབ་ཁང་ཡང་དབུ་མའི་ལམ་གྱི་ཆེད་དུ་རྒྱ་བསྐྱེད་བཏང་བ་ལྟ་བུ་གསུངས་འདུག དེ་ལྟར་ཉི་མ་ཁ་དཀར་ངོ་དཀར་ལ་རྫུན་གཏམ་སྤེལ་ན་མི་མང་གིས་འོས་འཕེན་གྱི་རེད་དམ། ༢༠༡༡ ལོར་སྲིད་སྐྱོང་ཐོབ་ནས་ ༢༠༡༣ ལོའི་འཁྲུངས་ལྷ་དབྱར་གསོལ་བར་དབུ་མའི་ལམ་གྱི་སྐོར་ཚིག་ཧྲིལ་པོ་གཅིག་ཀྱང་སྲིད་སྐྱོང་གི་ཞལ་ནས་ཕེབས་མེད། དོན་དངོས་སུ་༧གོང་ས་མཆོག་གིས་ས་ལུ་གྷར་དང་ལ་དྭགས་སོགས་སུ་ཐུགས་ཕམ་ཆེན་པོའི་བཀའ་སློབ་གནང་དུས། སྲིད་སྐྱོང་གིས་ག་རེ་གསུངས་ཡིན། རྣམ་འགྱུར་ག་རེ་བསྟན་ནམ། བཀའ་ཤག་སྔོན་མའི་ལངས་ཕྱོགས་མུ་མཐུད་ཡོད་དམ། ཁུ་སིམ་པོར་ལྷིང་འཇགས་པོས་གཡོལ་ཨེ་ཐུབ་གནང་། དེ་རྒྱ་ཆེའི་མི་མང་གི་ཐུགས་ལ་གསལ་པོ་ཡོད་རེད།  ཐ་ན་སྲིད་སྐྱོང་རང་ཉིད་ཀྱིས་དོལ་རྒྱལ་དང་དབུ་མའི་ལམ་གྱི་སྐོར་བཀའ་སློབ་ཏག་ཏག་ཅིག་གནང་མ་ཤེས་པས་གྲོས་ཚོགས་ནང་དྲི་བ་བཏོན་མེད་དམ། འོས་ཤོག་གི་ཆེད་དུ་ཞལ་རྫུན་མ་གསུངས་རོགས། མི་མང་ལྐུགས་པ་མ་རེད། སྐུ་ཉིད་ཀྱང་དབུ་ཁྲིད་ཚད་ལྡན་ཞིག་ཨེ་འཁྱོངས་ལྟོས་ན་བུ་རབས་ཚ་རྒྱུད་ལའང་སྤོབས་པ་སྐྱེ་གི་རེད། དེ་བཞིན་སྲིད་བྱུས་ཉམས་ཞིབ་ཁང་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་མཐུན་འགྱུར་ག་རེ་གནང་ཡོད་དམ། དབུ་མའི་ལམ་གྱི་སྐོར་ག་རེ་ཞིབ་འཇུག་བྱས་ཡོད་དམ། གཅིག་ཀྱང་གནང་མེད་པ་ཀུན་གྱིས་ལོས་ཤེས། གཞན་ལྡི་ལིར་གཞུང་མང་ལས་འགུལ་སྤེལ་སྐབས་ཀྱང་འབོད་ཚིག་སོགས་དབུ་མའི་ལམ་དང་མཐུན་པ་མ་བྱས་དོན་ཅི་ཡིན་ནམ།  དེ་ནི་རྒྱ་ནག་གཞུང་གིས་ལམ་དབུ་མར་སྐྱོན་བརྗོད་བྱེད་གཞིར་ཆགས་ཡོད།

གནད་དོན་གཙོ་བོའི་ནང་གི་ཡང་སྙིང་བོད་རྒྱ་འབྲེལ་མོལ་སྐོར་རེད། བོད་རྒྱ་འབྲེལ་མོལ་སྐོར་གྱི་སྲིད་སྐྱོང་གི་གྲུབ་འབྲས་བཤད་སྐབས། རྒྱབ་སྐྱོར་གནང་མཁན་གྱི་གཞུང་འབྲེལ་བསྒྲགས་གཏམ་དང་གྲོས་ཆོད་ཀྱི་གྲངས་ཀ་ལུང་འདྲེན་བྱས་པ་ཙམ་གྱིས་ཕན་གྱི་མ་རེད། གཙོ་བོ་བཀའ་ཤག་སྔོན་མའི་སྲིད་བྱུས་ལྟར་མ་སོང་བས། རྒྱུད་ལམ་གཅིག་དང་གྲོས་གཞི་གཅིག་ཅེས་སྲིད་སྐྱོང་གི་ཞལ་ནས་གསུངས་བ་ཙམ་རེད། རྒྱུད་ལམ་གཅིག་ཟེར་བ་ནི་འབྲེལ་མོལ་གནང་མཁན་དང་འབྲེལ་མོལ་མཐུད་མཁན་གཉིས་ཀའི་འགན་ཡོད་པ་ལ་གོ་དགོས་པ་རེད། ཅིའི་ཕྱིར་སྐུ་ཚབ་བསྐོ་བཞག་མ་གནང་བ་རེད་དམ། བཙན་བྱོལ་སྤྱི་ཚོགས་ནང་སྐུ་ཚབ་ཀྱི་ནུས་པ་ལྡན་པ་གཅིག་ཀྱང་མེད་པ་རེད་པས།  གྲག་སྒྲིག་སྔ་ས་ནས་དགོས་པ་མ་རེད་པས། དེས་བོད་སྤྱིའི་རྩ་དོན་ལ་གནོད་ཡོད། དེ་བཞིན་མི་མང་དང་གྲོས་ཚོགས་ཀྱི་དྲི་བར་གཡོལ་ཆེད་༧སློབ་དཔོན་ཟམ་གདོང་རིན་པོ་ཆེ་ཐེངས་གཅིག་བོད་རྒྱ་གྲོས་མོལ་གྲ་སྒྲིག་ཚོགས་ཆུང་གི་ཚོགས་འདུའི་སྟེང་གདན་ཞུ་གནང་བ་རྒྱ་བསྒྲགས་སྦིར་བསྒྲགས་གནང་ཡོད། ཡིན་ནའང་༧སློབ་དཔོན་ཆེན་པོ་ཟམ་གདོང་རིན་པོ་ཆེས་དེ་ནས་ཡུན་རིང་མ་ལོན་པར་ཞི་མོལ་ཚོགས་ཆུང་ནས་རྩ་དགོངས་ཞུས་དོན་ཅི་རེད།  དེ་བཞིན་༧གོང་ས་ཆེན་པོས་སྐུ་སྒེར་ནས་རྒྱ་ནག་དང་འབྲེལ་བ་གནང་བཞིན་པའི་སྐོར ༢༠༡༤། ༧། ནང་ཡོ་རོབ་ཏུ་རྒྱ་རིགས་མཁས་པའི་མཉམ།  ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་སྐབས་གསར་འགོད་པར་བཀའ་གནང་བ་རེད། དེའི་རྗེས་སུ་རྒྱུད་ལམ་ཁག་ཅིག་ཏུ་རྒྱ་གཞུང་དང་འབྲེལ་མོལ་གནང་གཏན་འཁེལ་བའི་གནས་ཚུལ་ཞིག་ཡོད་པ་མི་མང་པོས་ཧ་གོ་ཡོད་པ་རེད། འོན་ཀྱང་བློ་བཟང་སེང་གེ་ལགས་ཀྱིས་ཅིའི་ཕྱིར་དེར་མོས་མཐུན་མ་གནང་བ་ཡིན་ནམ། དྲི་བ་བརྩེགས་མ་ཡོད་པ་འདི་དག་གིས་སྲིད་སྐྱོང་མཆོག་ལ་བོད་རྒྱ་འབྲེལ་མོལ་ཐད་གྲུབ་འབྲས་ཆེན་པོ་ཡོད་པ་ལྟ་ཞོག དེ་ལས་ལྡོག་སྟེ་ནག་ཉེས་ཆེན་པོ། འཐུས་ཤོར་ཆེན་པོ་ཕྱིན་ཡོད་པ་ཀུན་གྱིས་ཤེས་ཀྱི་ཡོད་རེད།

སྐྱབས་བཅོལ་ལག་དེབ་ལོ་ལྔ་འཕར་འགྱངས་ནི་བཀའ་ཤག་སྐབས་སྔོན་མའི་སྐབས་ནས་མགོ་བཙུགས་པ་ཞིག་ཡིན་ལ། བཀའ་ཤག་གོང་མ་མ་སླེབས་བར་བོད་ནས་གསར་དུ་འབྱོར་མཁན་ཚོའི་སྐྱབས་བཅོལ་ལག་དེབ་ཚང་མ་ཁྲིམས་འགལ་ཆགས་བསྡད་ཡོད་རེད། བཀའ་ཤག་གོང་མས་ཁྲིམས་མཐུན་དུ་བསྒྱུར་ཏེ་ལག་དེབ་སྟེང་དོ་བདག་གི་གནས་ཚུལ་ཆ་ཚང་དྲང་པོར་བཀོད་ཆོག་པ་ཞིག་དང། དེ་ཡང་རྒྱ་གར་གཞུང་ནས་ངོས་ལེན་ཡོད་པ་ཞིག་གནང་ཐུབ་པ་བྱུང་ཡོད། དེའི་སྐབས་ནས་ལོ་ལྔ་འཕར་འགྱངས་ཀྱི་ལས་འཆར་བཏང་ཟིན་པ་མ་ཟད་རྒྱ་གར་གཞུང་ལ་སྙན་ཞུ་རིམ་པ་ཁ་ཤས་ཞུས་འབྲས་ཞལ་བཞེས་ཀྱང་ཐོབ་ཡོད། ཡིན་ནའང་དངོས་སུ་ལག་ལེན་བསྟར་རྒྱུ་བློ་བཟང་སེང་གེའི་སྐབས་དང་འཁེལ་བ་རེད། ངྷ་ཞོལ་ནས་མེག་གྷན་བར་གྱི་ལམ་ཁའི་མིང་པོ་ཏཱ་ལར་བརྗེ་བསྒྱུར་བྱས་པ་དེ།  དོན་དངོས་ཧི་མ་ཅལ་མངའ་སྡེའི་བློན་ཆེན་གྱིས་བློ་བཟང་སེང་གེས་བྱུང་རབས་ཐུང་ངུ་དེ་མི་མཁྱེན་པ་བཤད་དེ། ཕྲུ་གུར་ཇི་རིལ་སྤྲོད་སྤྲོད་ཀྱིས་མགོ་བསྐོར་བཏང་བ་ཙམ་ཡིན་ཡང། སྲིད་སྐྱོང་བློ་བཟང་སེང་གེ་ལགས་ནས་ལམ་ཁའི་མིང་པོ་ཏཱ་ལ་བཏགས་པ་འདི་ཡང་གསར་གཏོད་ཡིན་ཟེར་གྱི་ཡོད་རེད་དམ།

ཤེས་ཡོན་གྱི་གྲུབ་འབྲས་སྐོར་བོད་ཡིག་གི་ཡིག་རྩལ་གྲུབ་འབྲས་བརྒྱ་ཆ་བདུན་ཅུ་ལོན་མེད་པའི་སྲིད་སྐྱོང་སློབ་ཡོན་ཐོབ་མཁན། ཡིག་རྩལ་གྲུབ་འབྲས་བརྒྱ་ཆ་དགུ་བཅུ་ལོན་མཁན་སློབ་ཕྲུག་ལྔ་བཅུ་བྱུང་ནའང། བོད་མི་རིགས་ཀྱིས་དེ་ཡ་མཚན་དུ་ག་ནས་འཛིན། དེའི་ཆ་ནས་ད་བར་བོད་ཕྱི་ནང་གཉིས་ནས་སྐྱོན་བརྗོད་རྩོམ་ཡིག་ཆར་པ་འབབ་འབབ་བྱས་འདུག དེ་སྔོན་བཀའ་ཤག་གོང་མའི་སྐབས་སུ་ཤེས་ཡོན་སྲིད་བྱུས་གཏན་འབེབས་གནང་བ་དེ་ལག་བསྟར་ཇི་ལྟར་གནང་ཡོད་མིན་ཀུན་གྱིས་ཤེས་གསལ་རེད། དེ་བཞིན་དངོས་ཡོད་ན་གཞོན་ཚོའི་ཤེས་ཚད་གོང་མཐོར་འགྲོ་བའི་དཔང་རྟགས་གང་ཡང་མི་འདུག་ལ་བསྐྱར་ཞིབ་ཀྱང་གྲོས་ཚོགས་ནས་གནང་བ་ལས་འཛིན་སྐྱོང་བཀའ་ཤག་ནས་ག་རེ་གནང་ཡོད།

ད་ལྟ་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་དཔལ་འབྱོར་རོགས་སྐྱོར་ཐོབ་ཀྱི་ཡོད་རེད། དངོས་གནས་རང་དཔལ་འབྱོར་ཐད་རང་ཁ་རང་གསོ་བཟོ་ཡི་ཡིན་གསུངས་པ་དེ་ཕྱི་མིའི་རོགས་བསྐྱོར་འབའ་ཞིག་ལ་བརྟེན་དགོས་པ་དེ་རེད་དམ། ཡང་ན་ས་གནས་གང་དུ་ཕེབས་ན་ཡང་ལག་པ་རྐྱང་རྒྱུ་དེ་རང་ཁ་རང་གསོ་རེད་དམ། བོད་ནས་གསར་དུ་ཕེབས་མཁན་ཚོའི་ཆེད་དུ་རོགས་བསྐྱོར་ཐོབ་པ་དེ་དག་མིག་སྨན་མིག་ཐོག་བཏང་ཡོད་དམ། དབུས་སྣེ་ལེན་ཁང་བེད་སྤྱད་དེ་ལས་འཆར་དངོས་སུ་ལག་བསྟར་གཞན་ཞིག་ཏུ་གནང་བ་ཡིན་ན་དྲང་བདེན་མིན་པ་ཙམ་དུ་མ་ཟད་བཟང་སྤྱོད་དང་ཡོངས་སུ་འགལ་བ་རེད། སྔོན་མ་ཐེ་ཝན་གྱི་ཕོག་ཟེར་ནས་རྙོག་དྲ་ཆེན་པོ་ཡོད་པ་མ་གཏོགས་རྒྱ་ཕོག་ཟེར་ནས་རྙོག་དྲ་བཤད་ཚུལ་ཞིག་མེད་མོད། དུས་རབས་ཉེར་གཅིག་པའི་ནང་དུ་རྒྱ་ཕོག་ཟེར་ནས་རྙོག་དྲ་ཡོང་གི་འདུག ཨ་རིའི་གསར་འགོད་པ་བུད་མེད་དེས་བློ་སེང་ལ་བཤད་ཡོང་གི་འདུག དཔང་རྟགས་བསྟན་ནས་བཤད་ཡོང་གི་འདུག བློ་སེང་གིས་ལན་བརྒྱབ་ན་ཡག་པོ་འདུག དཔང་རྟགས་བསྟན་ནས་ལན་བཏབ་ན་ཡག་པོ་འདུག དེ་མིན་ཀུན་སློང་ལ་བརྟག་ནས་ལན་བཏབ་ན་ཡང་ལན་ཐེབ་མི་སྲིད། འདི་ཀུན་སློང་གི་གནད་དོན་མ་རེད། འདི་དོན་རྐྱེན་གྱི་གནད་དོན་རེད། དོན་རྐྱེན་གང་ནས་བྱུང་བའི་གཞི་དང་། ཇི་ལྟར་བྱུང་བའི་ཚུལ་སོགས་གསལ་བཤད་བྱེད་དགོས་ངེས་རེད། ད་ཐེངས་ཀྱི་རྙོག་དྲ་འདི་ལས་སླ་བོ་སེལ་ཐུབ་རྒྱུ་མ་རེད། ཨ་རིའི་དོན་གཅོད་སྐལ་རྡོར་གྱིས་ལན་མ་བཏབ་སྔོན་ལ་བུད་མེད་དེས་དཔང་རྟགས་ཕྱི་ལ་བཏོན་མེད། དོན་གཅོད་སྐལ་རྡོར་གྱིས་ལན་བཏབ་པའི་རྗེས་ལ་བུ་མོ་དེས་དཔང་རྟགས་ཚང་མ་ཕྱི་ལ་བཏོན། ད་དཔང་རྟགས་ཡི་གེ་དེ་ཚོ་ཅི་བྱ། ང་ཚོ་བོད་པ་ཚོ་མིག་བཙུམས་ནས་མ་མཐོང་བ་ལྟར་བྱས་ན་ཡང་། ཨ་རི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་མ་མཐོང་མདོག་མདོག་མི་བྱེད་ཐག་གིས་ཆོད། ཡང་བསམ་བློ་གཞན་ཞིག་བཏང་ན་བློ་སེང་འཇོན་པོ་རེད་བསམ། འཛམ་གླིང་གི་སྟོབས་ཆེན་ཨ་རི་དང་རྒྱ་ནག་གཉིས་ཀས་དོ་སྣང་བྱེད་བཞིན་པ་ཞིག་བཟོས་པ་རེད། བོད་དོན་ལ་དོ་སྣང་སླེབས་ཐུབ་པ་ཞིག་བཟོ་མ་ཐུབ་ན་ཡང་། ཁོ་རང་སྒེར་གྱིས་ཁང་པ་ཞིག་ཉོས་པ་སུས་ཀྱང་དོ་སྣང་སླེབས་ཐུབ་པ་ཞིག་བཟོས་ཡོད། ད་དུང་དེས་ག་ལ་ཚད། ནེའུ་ཡོག་ནས་བོད་ཀྱི་དོན་གཅོད་ཀྱི་ལས་ཁུངས་ཝ་ཤིན་ཀྲོན་ས་གནས་སུ་གནས་སྤོ་བྱེད་དགོས་དོན་ཅི་རེད། ཡང་དེའི་ཁང་གླ་སོགས་ཀྱི་རྙོག་དྲ་རྒྱ་ལ་ཐུག་པ། ངོ་མ་ཐུག་པ་དཀྲུགས་ཡོང་གི་འདུག་སྲིད་དོན་ཟེར་བ་འདི་འདྲ་ཞིག་ཡིན་ན་འཁྲུགས་པོ་འདུག་བོད་གཞུང་ལ་ཁེ་སང་ཡོད་མེད་མི་ཤེས་མོད། བོད་འབངས་ཡོངས་ལ་ཁེ་སང་ཡོད་མེད་ཡང་མི་ཤེས་མོད། ཁོ་རང་ལ་ཁེ་སང་ཡོད་ན་འགྲིག་གི་བསམ། ལོ་ལྔ་ལ་བཀའ་བློན་ལ་བསྡད་ནས་རང་གིས་ཁང་པ་ཞིག་ཉོ་ཐུབ་སོང་བ་རེད། ལོ་བཅུ་ལ་བཀའ་བློན་ལ་བསྡད་ན་ཡང་བསྐྱར་ཁང་པ་ཡག་པོ་ཞིག་ལ་རེ་བ་ཡོད།

མདོར་ན། སྲིད་སྐྱོང་མཆོག་གིས་ཆིག་སྒྲིལ། རང་ཁ་རང་གསོ། གསར་གཏོད་ཀྱི་བརྗོད་ཚིག་ཆེན་པོ་གསུམ་དེའི་གནས་སྟངས་ཇི་འདྲ་ཞིག་ཆགས་ཡོད་མི་མང་ལ་འགན་ཁུར་ལན་འདེབས་དང་རྩིས་རྒྱག་བྱེད་རན་འདུག་གོ།།

བསམ་ཚུལ།

Post navigation

Previous Post: ཕྱི་གླིང་བས་བོད་ཀྱི་སྐད་ཡིག་ལ་སློབ་གཉེར་བྱེད་ཕྱོགས།
Next Post: བློ་བཟང་སེང་གེའི་བོད་ཀྱི་ཟློས་གར།

Comments (8) on “མང་ཚོགས་ལ་འགན་ཁུར་ལན་འདེབས་བྱེད་དགོས།”

  1. དོན་འགྲུབ says:
    2015-10-06 at 7:30 am

    རིན་ཐང་བྲལ་བའི་སྐད་ཆ་རང་རེད་བཞག

  2. རྡོ་སེངྒེ། says:
    2015-10-06 at 9:39 am

    བློ་སེང་བཙན་བྱོལ་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཁྲི་ལ་ལོ་ལྔ་བསྡད་པས།
    ༼ང་ཚོ་བོད་ལ་ནམ་ཡང་རྒྱལ་ཁབ་ཅིག་ཡོད་མ་མྱོང་༽ཞེས་བསྒྲགས་སོང་།

    གལ་སྲིད་བློ་སེང་ཡང་བསྐྱར་སྲིད་སྐྱོང་ཁྲི་ལ་ལོ་ལྔ་བཞུགས་པ་ཡིན་ན།
    ༼ང་ཚོ་བོད་མི་རིགས་ཟེར་བ་ཞིག་མེད། ང་ཚོ་རྒྱ་རིགས་ཡིན་༽ཞེས་བསྒྲག་ཡ་ཉེན་ཁ་འདུག

  3. གངས་ཕྲུག། says:
    2015-10-06 at 10:36 am

    གྲོས་ཚོགས་ནང་འགན་ཁུར་ལན་འདེབས་བྱས་པ་ལས་ལྷག་ཞིག་བོད་མི་མང་སུ་གཅིག་ལ་ལན་འདེབས་བྱེད་ས་མེད་ལ། བྱེད་ཀྱང་དེ་ལས་ལྷག་གིས་གོ་བརྡ་འཕྲད་རྒྱུ་གང་ཡང་ཡོད་ནི་མ་རེད། མ་གཞི་ནི་སྐད་ཆ་འདི་དག་གྲོས་ཚོགས་གཙོས་པའི་རྒྱུད་ལམ་གང་མང་ཐོག་ནས་གསལ་བཤད་བཟོ་ཟིན་པ་རྐྱང་རེད། གྲོས་ཚོགས་ནང་གི་ཕྱོགས་འགལ་བ་ཚོས་སྐྱར་ཟློས་ཡང་ཟློས་ཀྱིས་དེ་དག་གི་སྐོར་གླེང་བསྡད་པ་རེད། ཡིན་ན་ཡང་ཁོ་ཚོས་བབ་ས་དང་ཟིན་ས་གང་ཡང་མ་རག་པ་རེད། དེས་ན་སངས་རྒྱས་ཀྱིས་མ་མཐོང་བ་ཞིག་སེམས་ཅན་གྱིས་མཐོང་རྒྱུ་ཅང་ཡོད་རྒྱུ་མ་རེདདོ།

  4. ལི་ཐང་བློ་འོད། says:
    2015-10-06 at 10:56 am

    ཤར་ཁུག་གིས་གླིང་གེ་སར་བཏགས་པ་ཡིན་ནམ། ཡང་ན་གླིང་གེ་སར་གྱིས་ཤར་ཁུག་གི་རྩོམ་རྐུས་པ་ཡིན་ནམ། ཕྲན་བུ་མ་གཏོགས་ཤར་ཕྱོགས་ཁུག་རྟའི་༼ སྲིད་སྐྱོང་བློ་བཟང་སེང་གེའི་གྲུབ་འབྲས་ཆེན་པོ་བཅུ་ཟེར་པ་ནི་དོན་དངོས་གྲུབ་འབྲས་ཤིག་མ་རེད་༽ཅེས་པ་ཇི་མ་ཇི་བཞིན་བཀོད་འདུག

  5. ལྷ་སའི་བུ་ says:
    2015-10-06 at 11:05 am

    ངས་སྐད་ཆ་དྲང་པོ་ཞིག་བཤད་ན། ༧གོང་ས་༧སྐྱབས་མགོན་ཆེན་པོའི་དབུ་འཁྲིད་འོག་ད་བར་བཀའ་ཁྲི་དང་། བཀའ་ཤག་རིམ་པ་མང་པོ་བྱུང་ཡོད་པའི་ནང་ནས་ད་རེས་ཀྱི་སྲིད་སྐྱོང་དང་། བཀའ་ཤག་ནང་བཞིན་མེད་དུ་མི་རུང་བའི་དེང་དུས་ཀྱི་ཤེས་ཡོན་གནས་ཚད་དང་། འཇོན་ཐང་། སྙིང་སྟོབས། ལས་དོན་གཟེངས་སུ་ཐོན་པ་སྒྲུབ་མཁན་ཕལ་ཆེར་བྱུང་མེད་ལབ་ན་མ་འགྲིགས་པ་མེད། བཀའ་ཤག་གོང་མ་ཚོས་སྐུ་ངལ་མང་པོ་སྐྱོན་ཡོད་པར་ང་ཐེ་ཚོམ་མེད། འོན་ཀྱང་སྐབས་དེ་དུས་ང་ཚོའི་སྤྱི་ཚོགས་ནང་དེང་དུས་ཀྱི་ཤེས་ཡོན་གནས་ཚད་ཡག་པོ་ཡོད་མཁན་དཀོན་པོ་ཞེ་དྲག་རེད། དཔེར་ན་ལས་ཁུངས་ཁག་གི་སྐད་བསྒྱུར་ཀ་ཤི་མིར་ཡོད་པའི་ལྷ་ས་ཁ་ཆེའི་བུ་ཕྲུག་ཚོ་རེད། ཁོང་ཚོ་ཕན་ཐོག་ཆེན་པོ་བྱུང་སོང། ཁོང་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མཚམས་འདིར་འཇོག་གི་ཡིན།

  6. ཇུང་ཏོག་ says:
    2015-10-06 at 11:13 am

    ཧ་ཧ་བགད་མོ་ཤོར་སོང་བཙན་བྱོལ་བོདྈམིའི་མང་གཙོའི་
    འགྲོ་སྟངས་ཤེས་ཀྱི་མེད་ན་ཨུ་ཚུགས་རྒྱབ་ནས་དྲ་རྒྱའི་ནང་
    མ་འཛུལ་ན་ཡག་གི་རེད་མི་མང་གི་སྐུ་ཚབ་སྤྱི་འཐུས་གྲོས་ཚོགས་བརྒྱུད་ནས་འཛིན་སྐྱོང་གི་ལས་བསྡོམས་སྙན་སེང་
    ཞུ་དགོས་པ་དེ་བཙན་བྱོལ་བོདམིའི་བཅབ་ཁྲིམས་ནང་གསལ་ཡོད་ན་འཛིན་སྐྱོང་ནས་ཐད་ཀར་མི་མང་ལ་རྩིས་རྒྱག་སའི
    ལམ་ཁ་བཅའ་སྒྲིག་གང་གི་བརྒྱུད་ལམ་ནང་གསལ་ཡོད་ནམ་ཡང་ཤེས་མ་སོང་

  7. ལུང་རྟོགས། says:
    2015-10-06 at 12:44 pm

    བཙན་བྱོལ་དབུ་ཁྲིད་ཚོའི་ཁྲོད་ནས་གོང་ས་མཆོག་ཕུད་པའི་བོད་ཕྱི་ནང་གཉིས་ཀྱི་མི་མང་གིས་དགའ་བསུ་ཆེ་ཤོས་ཞུ་ཡུལ་ནི་མཁས་དབང་བློ་བཟང་སེང་གེ་མཆོག་རེད་ལ། ཁོང་ལས་ལྷག་པའི་ཤེས་འཇོན་ཅན་ཞིག་ད་ལྟའི་ཆར་བཙན་བྱོལ་ཁྲོད་ན་གདམ་རྒྱུ་མེད་པ་གསལ་པོ་རེད། དེས་ན་ཤར་ཁུག་འཁོར་དང་བཅས་པས་སྐད་ངན་ཇི་ལྟར་རྒྱབ་ཀྱང་བོད་མི་མང་གིས་ཁོང་སླར་ཡང་སྲིད་སྐྱོང་ལ་གདམ་རྒྱུ་ཡིན་པའི་སྔོན་རྟགས་གསལ་པོ་འདུག

  8. དྲི་མེད་ལྷག་བསམ། says:
    2015-10-06 at 11:31 pm

    རྒྱུ་མཚན་ལྡན་པའི་སྐྱོན་བརྗོད་དང་། ཁྲེལ་གཞུང་ལྡན་པའི་ངོས་ལེན། མཁོན་འཛིན་མེད་པའི་བློ་རྒྱ། འགྱུར་ལྡོག་དཔྱོད་པའི་སྔོན་དཔག མཛའ་བརྩེ་ལྡན་པའི་མཐུན་སྒྲིལ། ཕུག་འདུན་གཉེར་བའི་ཆོད་སེམས། སྤྱི་ཡི་དོན་དུ་རང་བློས་གཏོང་ཐུབ་པའི་སྙིང་སྟོབས། མཚང་འབྲུ། རྡུང་བརྡེགས་སོགས་ལུས་སེམས་ལོངས་སྤྱོད་སྲོག་ལ་རྒོལ་བ་བྱུང་ཡང་མི་ཚེའི་ཕུག་འདུན་མི་འདོར་བའི་དམ་བཅའ་བརྟན་པོ་སུ་ལ་ཡོད་པ་དེ་ཆབ་སྲིད་ཀྱི་དབུ་འཛིན་ཞིག་ལ་བཀུར་འོས། ། སུ་ཡིན་ཀྱང་ཆ་རྐྱེན་དེ་དག་མེད་པར་གཡོ་སྒྱུས་སྲིད་འཛིན་གྱི་རྐུབ་སྟེགས་ལ་འཛེགས་པར་གུས་བཀུར་ཞུ་དཀའ་ལ། དཔའ་མཛང་ལྡན་པ་ནམ་ཡང་མིན་ནོ། །དྲི་མེད་ལྷག་བསམ་གྱིས། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme