Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕྲག་དོག་ཁྲག་འཛར་མ།

Posted on 2012-10-062012-10-06 By ཁ་བརྡ་ 43 Comments on ཕྲག་དོག་ཁྲག་འཛར་མ།

འཇིགས་མེད་འོད་ལྡན།

སྤུ་རྒྱལ་བཙན་པོའི་རྒྱལ་རབས་ནས་དགའ་ལྡན་ཕོ་བྲང་བའི་སྐབས་དང་ད་ལྟའི་བོད་མིའི་སྒྲིག་འཛུགས་བར་གྱི་བོད་མིའི་ནང་ཁུལ་གྱི་སྟོབས་ཤུགས་དང་ནུས་ཤུགས་གོང་བུ་གཅིག་གྱུར་ལ་ཉམས་ཉེས་ཅི་ལྟར་གྲིབ་ཚད་ལས་འཕྲོས་ཏེ་ཅུང་ཟད་དཔྱད་ཁུལ་བགྱི་ན། སྔོན་གྱི་སྤུ་རྒྱལ་བཙན་པོ་ཞེས་པའི་སྙན་པའི་བ་དན་སྲིད་པ་གསུམ་ན་གྲགས་པ་དག་གི་སྐབས་སུ་ནང་བློན་དང་ཕྱི་བློན་རྒྱལ་བོའི་འཁོར་ན་འདུག་པ་དག་གི་གཡོ་ཇུས་ལ་མིག་གིས་བལྟར་མི་བཟོད་རྣ་བའི་ཉན་མི་བཟོད་པ་མང་པོ་བསྟུད་མར་བྱུང་ཏེ་རྒྱལ་སྲིད་ཆོས་སྲིད་ཀྱི་དབང་ཆ་འཕྲོག་རྩོད་ཀྱི་སྐྱེ་བོ་བློ་མིག་རྒྱ་ཁབ་ཀྱི་བུ་ག་ལས་ཆུང་བ་ཧམ་སེམས་རི་བོ་ལས་མཐོ་བ་དག་གིས་མིག་གིས་རྒྱང་རིང་མ་མཐོང་རྣ་བས་ཐག་ཉེ་མ་གོ་བར་བྱས་ཏེ་རྒྱལ་བོའི་སྲིད་འབྱོར་དང་བཙུན་མོ་ཚུན་ཆད་ལ་སྲེད་པ་རླུང་ལྟར་གཡོས། ཕྲག་དོག་ཆུ་ལྟར་འཁོལ་ནས་རྒྱལ་བོ་ལྐོག་གསོད་དང་ཟས་དུག་གིས་བཀྲོངས་བ་བགྲངས་ཀྱིས་མི་ལངས་བ་དེ་དག་གི་བྱས་ཉེས་དང་། ལྷག་པར་དུ་ལྷ་ལུང་དཔལ་རྡོར་མིང་ཅན་གྱིས་རྒྱལ་ཁབ་ཀྱི་རྒྱལ་སྲིད་དང་བོད་མིའི་ཆིག་སྒྲིལ་གོང་བུ་གཅིག་གྱུར་ལ་བསམ་བློ་ཏིལ་འབྲུ་ཙམ་ཡང་མ་བཏང་བར་ཆོས་ལུགས་ཀྱི་ཕྱོགས་ཞེན་ཁོ་ན་གཞི་ལ་བཞག་ཏེ་ལྷ་སྲས་དར་མ་འུ་དམ་བཙན་པོ་ལྷ་སར་ལྐོག་གསོད་བྱས་པའི་མཇུག་འབྲས་ཀྱིས་སྤུ་རྒྱལ་བཙན་པོའི་ཁ་རྗེས་དབང་ཐང་ལ་བརྩི་བཀུར་དང་རྒྱལ་འབངས་དབར་དམ་ཚིག་ཟབ་པའི་འབངས་མི་རྣམས་སིལ་བུར་འཐོར་ཏེ་མི་ལོ་བཞི་བརྒྱ་ལྷག་ལ་བཙན་པོའི་སྐབས་ཀྱི་ཆིག་སྒྲིལ་གོང་བུ་གཅིག་གྱུར་གྱི་སྟོབས་ཤུགས་ཉམས་ཉེས་སུ་ཕྱིན་པའི་ཕྲག་དོག་ཁྲག་འཛར་མའི་ལེའུ་སྟེ་དང་པོའོ།།

དེ་ནས་ཆེན་པོ་ཧོར་གྱི་རྒྱལ་བོ་གོང་མ་སེ་ཆེན་གྱིས་ས་སྐྱའི་འགྲོ་མགོན་ཆོས་རྒྱལ་འཕགས་པར་ཆོལ་གསུམ་དབང་ཡོན་དུ་ཕུལ་ཏེ་བོད་ལྗོངས་ཆོལ་ཁ་གསུམ་གཅིག་གྱུར་གྱི་སྟོབས་ཤུགས་གངས་ཅན་ལྗོངས་སུ་སླར་ཡང་མངོན་ཏེ་ས་སྐྱའི་གདུང་རྒྱུད་ཀྱིས་བོད་ལྗོངས་ཡོང་ལ་མངའ་དབང་བསྒྱུར་བཞིན་པའི་སྐབས་སུ་འབྲི་གུང་གླིང་ལོག་བྱས་པའི་སྐད་གྲགས་ཅན་གྱི་ས་འབྲིའི་ནང་འཁྲུག་དང་། ས་སྐྱ་ནང་འཁོར་མ་འཆམས་པར་འགྲོ་མགོན་ཆོས་འཕགས་ལ་སྐུ་བགེགས་བྱུང་པས་ས་སྐྱའི་སྲིད་དབང་འཐོར་ཞིག་ཏུ་སོང་བ་མ་ཟད་ས་ཕག་འགལ་བ་དང་། གཡའ་ཕག་འགལ་བ། སྟག་ལོའི་སྡེ་གཟར་ཞེས་པས་ཕག་གྲི་ནང་འགལ་གྱི་སྡེ་འཁྲུག་རྒྱུན་མི་ཆད་པ་བྱུང་བ་སོགས་རིམ་པར་སྲིད་དབང་འཕྲོག་རྩོད་ཀྱི་ནང་འཁྲུག་བསྟུད་མར་བྱུང་ཏེ་བོད་ལྗོངས་ཆོས་སྲིད་གཉིད་ཀ་དར་རྒུད་ཉམས་ཉེས་སུ་འགྲོ་རྐྱེན་གཙོ་བོ་དེ་དག་གི་རྒྱབ་ལྗོངས་སུ་ཆོས་བརྒྱུད་ཕན་ཚུན་གྱི་འགྲན་རྩོད་རྒྱ་མཚོའི་རྦ་རླབས་བཞིན་འཕྱུར་ཏེ་ཧོར་སོག་ཡུལ་གྱི་ཆེན་པོ་རྣམས་ཀྱི་ཞབས་ལ་མགོ་ལུས་ཆ་ཚང་ཕུལ་ཏེ་རང་ཉིད་ཀྱི་ས་ཁོངས་མཆོད་བཞེས་ཆོས་བརྒྱུད་སྲ་བརྟན་ཡོང་ཆད་མགོ་འདོགས་རང་ལུགས་ཀྱི་བགྱི་བ་དང་དུ་བླངས་ཏེ་བོད་མིའི་སྲིད་འབྱོར་རིག་གསུམ་གཞན་ལག་ཏུ་བསྟད་དེ་རང་ཉིད་གྲོང་མདོག་གྱིས་བོད་མིའི་ནང་ཁུལ་འཁྲུག་རྩོད་ཀྱི་གཡུལ་འགྱེལ་ཐེངས་མང་བྱས་པས་བོད་མིའི་སྟོབས་ཤུགས་དང་གོང་བུ་གཅིག་གྱུར་གྱི་ནུས་པ་ཉམས་ཉེས་སུ་ཕྱིན་པའི་ཕྲག་དོག་ཁྲག་འཛར་མའི་ལེའུ་སྟེ་གཉིས་པའོ།།

དབུས་སོག་མཉམ་འབྲེལ་གྱིས་དབུས་གཙང་ནང་འཁྲུག་གི་གཡུལ་འགྱེལ་ཁྲོད་ནས་གཙང་བ་རྒྱལ་བོའི་གདུང་རྒྱུད་ཀྱི་སྲིད་དབང་མགོ་སྟེང་སློགས་དགའ་ལྡན་ཕོ་བྲང་གི་སྲིད་དབང་དངོས་སུ་བཙུགས་ཏེ་༧གོང་ས་ལྔ་བ་ཆེན་པོ་བོད་ལྗོངས་ཆོལ་ཁ་གསུམ་གྱི་ཆོས་སྲིད་གཉིས་ཀྱི་བདག་པོར་མངའ་གསོལ་མཛད་དེ་གོང་ས་ཆེན་པོའི་གཟིམ་ཁང་གི་མཚན་སོར་བཞག་ཐོག་ཡོངས་སུ་གྲགས་པའི་གཞུང་ས་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་པ་འདིས་དབུ་འོག་གདུགས་འོག་ནས་སོག་རྒྱལ་གུ་ཤྲི་ཧན་དང་རྒྱ་ནག་མན་ཇུ་གོང་མ་སོགས་སུ་མཉམ་འབྲེལ་བྱས། སྐབས་དེར་གཙང་བ་རྒྱལ་བོའི་ཕྱོགས་གཏོགས་ཡུལ་ལུང་མང་པོའི་དགའ་ལྡན་ཕོ་བྲང་གི་སྲིད་དབང་ལ་ངོ་རྒོལ་མང་པོ་བྱས་རྐྱེན་སོག་རྒྱལ་གུ་ཤྲི་ཧན་དང་སྡེ་སྲིད་བསོད་ནམས་རབ་བརྟན་གཉིས་ཀྱིས་བཀའ་ཕབ་ཏེ་གཙང་བ་རྒྱལ་བོའི་ཕྱོགས་སུ་གཏོགས་པའི་ཇོ་ནང་པ་དང་་ཀརྨ་བཀའ་རྒྱུད་པའི་དགོན་ཁག་དང་ཡུལ་ལུང་མང་པོར་དྲག་གནོད་བྱས་ཏེ་དགའ་ལྡན་ཕོ་བྲང་གི་སྲིད་དབང་སྲ་བརྟན་དུ་བཏང་། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་དགའ་ལྡན་ཕོ་བྲང་གི་སྲིད་དབང་སྐྱོང་སྐབས་གྲོས་ལ་དབང་བ་ཁག་ཅིག་གིས་ངན་གཡོའི་ཐབས་ཇུས་སྣ་ཚོགས་ཀྱིས་རྒྱ་སོག་གི་དཔོན་ཤུགས་དང་དམག་ཤུགས་ལ་བསྟེན་ནས་ནང་འཁྲུག་དུས་ཟིང་གི་རྐྱེན་པས་རིགས་འཛིན་ཚངས་དབྱངས་རྒྱ་མཚོ་དང་གོང་ས་ཐུབ་བསྟན་རྒྱ་མཚོ་རྣམ་གཉིས་དགའ་ལྡན་ཕོ་བྲང་གི་སྲིད་ཁྲི་ལས་བུད་དེ་ཡུལ་བྱོལ་བྱེད་དགོས་བྱུང་བ་དང་རྣོ་ངར་ཅན་གྱི་རྭ་སྟག་གི་དོན་རྐྱེན་སོགས་བསྟུད་མར་བྱུང་བའི་ཕྱི་ནང་གི་འགལ་རྐྱེན་སྣ་ཚོགས་ངན་པ་དགུ་འཛོམས་ཀྱི་དུས་ངན་གནམ་ས་བླ་འོག་བརྗེས་བ་ལྟ་བུའི་དུས་འགྱུར་ཆགས་འཇིག་གི་རྐྱེན་ངན་འོག་གོང་ས་བཅུ་བཞི་བ་ཆེན་པོ་སྐུ་འཁོར་རྣམས་གནས་ཡུལ་རྒྱལ་ཁབ་ཏུ་ཡུལ་གྱར་བཙན་བྱོལ་བྱེད་དགོས་བྱུང་བའང་འུ་ཚང་གི་སྡེ་སྲིད་བཀའ་བློན་སོགས་གྲོས་ལ་དབང་བ་རྣམས་ཀྱིས་ངན་གཡོའི་ཐབས་ཇུས་ཀྱི་མཐུ་ནག་པོའི་འབྲས་བུ་ལས་དགའ་ལྡན་ཕོ་བྲང་གི་སྲིད་དབང་ཆབ་འབངས་མི་སེར་ལ་སྡུག་གི་མུན་པ་འཐིབ་ཅིང་ཁྲག་གི་རྒྱ་མཚོར་བསྐྱིལ་བ་སྟེ་ཕྲག་དོག་ཁྲག་འཛར་མའི་ལེའུ་སྟེ་གསུམ་པའོ།།

གོང་ས་སྐྱབས་མགོན་མཆོག་གི་གཟིགས་པ་ཆེན་པོས་བྲན་གཡོག་ལམ་ལུགས་དང་གོས་བཀོད་བརྒྱུད་འཛིན་གྱི་ལུགས་སྲོལ་རྙིང་པར་གདོང་གཏད་དེ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་བསྟུན།གུ་ཡངས་དམངས་གཙོའི་ལམ་ལུགས་ཀྱི་རྨང་གཞི་སྤྱི་འཐུས་ལྷན་ཚོགས་དང་། བཀའ་ཤག་ཁྲིམས་ཞིབ་ཁང་སོགས་རིམ་པར་བཙུགས་དེ་ཆོལ་ཁ་དང་ཆོས་ལུགས་ཀྱི་དབྱེ་བ་མེད་པའི་ཀ་བ་གསུམ་ལྡན་གྱི་མང་གཙོའི་གཞུང་གསར་འཛུགས་གནང་བ་སོགས་ཀྱི་བརྒྱུད་རིམ་ནང་དུ་མངོན་ལྐོག་རྒྱབ་མདུན་གྱི་ལས་བྱེད་མཁན་གྲོས་གཤམ་མཁན་ཆེ་ཕྲ་ཆུང་གསུམ་ནས་རྒོལ་བ་དག་ལ་མགོན་པོ་གང་གིས་འཇམ་པོའི་ངག་ཐབས་ཀྱི་མཆོག་ལ་བསྟེན་ནས་བོད་མི་ས་ཡ་དྲུག་གི་འཕྲལ་ཕུགས་རྒྱང་གསུམ་གྱི་བྱ་བྱེད་ལས་གསུམ་རེ་རེ་བཞིན་ངོ་སྤྲོད་བཀའ་སློབ་རིམ་པར་ཕེབས་དོན་ལ་བརྩི་བཀུར་དང་ཆེ་མཐོང་གང་ཡང་མེད་པར་བོད་སོག་ལས་ཁུངས་དང་དགྲ་བོ་རྒྱ་དམར་ཚང་གི་དངུལ་དངོས་ལ་འཁྲེང་པའི་འཁྲེན་ཐག་གཅོད་མ་ཐུབ་པར་བོད་མི་ཆེ་ཕྲ་ཀུན་གྱི་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་དང་ལྷག་པར་གོང་ས་མཆོག་གི་མཛད་འཕྲིན་ལ་རྒོལ་བའི་ལས་བྱེད་མཁན། ཨ་ཞང་ཚང་གི་མགོ་སྐོར་བསླུ་བྲེད་ཀྱིས་རྒྱ་འདྲེ་དོལ་རྒྱལ་སྲུང་མར་ཁ་གཡར་ཏེ་བོད་མི་ནང་ཁུལ་དབྱེན་དཀྲུག་ཁྲག་སྦྱོར་གྱི་ལས་བགྱི་བ་ཁྱེད་ཅག་གི་ར ྩ་ལམ་ན་བཞུར་གྱིན་པའི་ཟུངས་ཁྲག་དྲོད་མོ་དེ་དང་ཤ་གསེང་གི་རུས་ཀོག་གེར་ལངས་སེ་བོ་དེ་བོད་གངས་ཅན་པའི་ཟུངས་ཁྲག་དང་རུས་ཀོག་ཡིན་ན་འུ་ཅག་ཚང་མ་སྤུ་རྒྱལ་བཙན་པོའི་རྒྱུད་ཡིན་ས་ཡ་དྲུག་པོ་སྤུན་ཡིན་པས་བོད་རྒྱལ་ཁབ་ཆེན་མོ་ཛ་དྲག་གཉན་འཕྲང་གི་དུས་ཚོད་འདི་ལ་མུན་པའི་གཏིང་རིམ་ན་ལྷག་པའི་བོད་མིའི་བདེ་སྡུག་ཅིག་བསམ་ན་མི་བཟང་ངམ། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་ཆབ་སྲིད་ཀྱི་བསམ་བློ་དང་མང་གཙོའི་གོ་རྟོགས་གང་ཙམ་སྨིན་པའི་སྐབས་འདིར་གོང་ས་སྐྱབས་མགོན་ཆེན་པས་དུས་རབས་ཀྱི་འགྲོས་དང་བསྟུན་པའི་ཆབ་སྲིད་ཀྱི་སྐུ་དབང་ཆ་ཚང་མང་གཙོའི་ལམ་ལུགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ལ་རྩིས་སྤྲོད་གནང་སྟེ། གོང་ས་ལྔ་བ་ཆེན་པོའི་གཟིམ་ཁང་གི་མཚན་གནས་སོར་བཞག་བྱས་ཡོད་པའི་དགའ་ལྡན་ཕོ་བྲང་གི་མཚན་གནས་རྗེས་འབྲེལ་དང་བཅས་བ་ཕྱིར་བསྡུ་བྱས་བར་བོད་གཞུང་བསྡུད་གསོག་བརྒྱབ་སོང་ཟེར་པའི་འཁྱོག་བརྗོད་ཀྱི་སྡུག་སྐད་རྒྱག་མཁན་དང་ལམ་དབུ་མ་དང་རང་བཙན་འཐབ་རྩོད་ཀྱི་ལྟ་གྲུབ་འཛིན་མཁན་ཚོས་ཕན་ཚུན་ལ་སྡང་ཟུག་དང་སྐུར་འདེབས་བྱེད་པ་ནི་བསམ་པའི་ཀུན་སློང་ལ་རྨ་མེད་ཀྱང་བྱས་པའི་ལས་ལ་གནོད་ཆེ་པས་གུ་ཡངས་ཀྱི་བསམ་བློ་དང་རྣམ་དཔྱོད་ལྡན་པའི་ཐོག་ནས་སོ་སོའི་ལྟ་གྲུབ་ཀྱི་གཞི་རྩ་དམ་པོར་བཟུང་སྟེ་སྤྱི་ཚོགས་ཆ་མཐུན་དང་སྟོབས་ཤུགས་མཉམ་གནས་ཀྱིས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུ་ཁྲིད་པའི་བོད་མིའི་སྒྲིག་འཛུགས་ཀྱི་མ་འོངས་མདུན་ལམ་དང་བོད་དོན་འཐབ་རྩོད་ཀྱི་བྱ་བྱེད་ལས་གསུམ་གྱི་བྱ་བར་གཞོག་འདེགས་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུག་ཡིན་པས་གྲོས་ལ་དབང་པའི་ཆེན་པོ་རྣམས་དང་རྣམ་དཔྱོད་རབ་ཏུ་ཕྱུག་པའི་ཤེས་ཡོན་པ་དང་སྨྱུག་འཛིན་པ། ཚོགས་སྒེར་སུ་རུང་གིས་རྣམ་དཔྱོད་ཀྱི་མིག་ཤེལ་གྱོན་གནའ་དེང་ཟུང་འབྲེལ་གྱི་བློ་རྩེ་གཅིག་ཏུ་སྒྲིལ་ནས་བོད་དོན་འཐབ་རྩོད་ཀྱི་ལས་ལ་འཇུག་རྒྱུ་ནི་ཕྲག་དོག་ཁྲག་འཛར་མའི་ལེའུ་སྟེ་བཞི་བའོ།།
སྤྱིར་ཡུལ་སྡེ་གང་འདྲ་ཞིག་ཡིན་ཡང་མཐུན་སྒྲིལ་ནི་རྒྱལ་ཁ་ཐོབ་པའི་རྨང་གཞི་ཡིན་ལ།ནང་འགལ་གྱི་འཁྲུག་རྩོད་ནི་སྡེ་པ་སྤྱིའི་དབང་ཤུགས་ཉམས་ཉེས་སུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པ་འཇིག་རྟེན་ན་ཡོངས་སུ་གྲགས་ཡོད། བོད་ཀྱི་ལོ་རྒྱུས་ཐོག་དུས་རབས་རིམ་བྱུང་གྱི་སྲིད་དབང་ཉམས་རྒུད་བྱུང་བའི་རྒྱུ་རྐྱེན་ཡང་ནང་འགལ་དང་ནང་འཁྲུག་ཁོ་ནས་བྱས་ཡོད། དེ་ཡང་གཞུང་གི་བློན་ཆེན་ཁག་དང་ཡུལ་སྡེ་སོ་སོའི་སྡེ་དཔོན་ཁག་གིས་བོད་ཁམས་ཡོངས་ཀྱི་ཁེ་ཕན་ལ་མ་བལྟས་པར།རང་ཉིད་ཀྱི་ཁེ་དབང་ཕྲན་ཚེགས་ལ་དམིགས་ཏེ་ས་ཕྱོགས་དང་ས་ཕྱོགས་བར་འགལ་བ་སློང་བ་དང་ཆོས་ལུགས་གྲུབ་མཐའི་བར་དུ་འགལ་བ་བསླངས་ནས་དེ་དག་གི་སྟོབས་ཤུགས་བེད་སྤྱོད་བྱེད་ཅིང་རང་གི་ས་ཁོངས་དང་དབང་ཆ་རྒྱ་བསྐྱེད་བྱས་ཡོད་པ་འདི་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་ཆག་སྒོ་ཆེ་ཤོས་ཤིག་ཡིན་པ་ཀུན་གྱིས་རྟོགས་འོས་སོ།།

སྣ་ཚོགས།

Post navigation

Previous Post: ཡིད་ཀྱི་འཆར་སྣང་།
Next Post: ཁྱོད་ཀྱི་སྐྲ་ལོའི་དྲི་ངད་དེ།

Comments (43) on “ཕྲག་དོག་ཁྲག་འཛར་མ།”

  1. མངའ་རིས་ཕྲིན་ལས། says:
    2012-10-07 at 12:22 am

    བཀླགས་པ་ཡིན་ཡག་པོ་འདུག་དངོས་གནས་རེད།

  2. མེ་ཏོག་དཀར་པོ། says:
    2012-10-07 at 1:54 am

    http://www.khabdha.org/?s=རྒྱལ་རབས་ཁྲག་ཐིགས་མ&x=72&y=12 འདི་ཡང་ཀློགས།

  3. འཇིགས་མེད་འོད་ལྡན says:
    2012-10-07 at 3:06 am

    རྣམས་པ་གཉིས་ཕེབས་པར་དགའ་བསུ་ཞུ།

    མེ་ཏོག་དཀར་པོ་ནས་རྒྱལ་རབས་ཁྲིག་ཐིགས་མ་ཁོ་སྤྲོད་གནང་བ་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ།

  4. ལེགས་བཤད། says:
    2012-10-07 at 3:18 am

    ཡིག་ནོར། སྤྱི་ཚོགས་ཆ་མཐུན་མ་རེད། སྤྱི་ཚོགས་འཆམ་མཐུན་རེད།
    རྩོམ་ཡིག་འདི་འདྲའི་རིགས་སྤེལ་དགོས་པ་གལ་ཆེན་པོ་རེད། བོད་ཉམས་ཉེས་འགྲོ་བའི་འགོ་ཨུ་དུམ་བཙན་པོ་ནས་ཚུགས་པ་རེད། ཁོས་ནང་ཆོས་གཏོར་བརླགས་བཏང་བའི་འབྲས་བུ་རེད། སྤྱི་ཚོགས་འཆམ་མཐུན་ལ་གཏོར་བཅོམ་བཏང་བ་རེད། གཞི་རྩ་རྒྱལ་པོ་ཁོ་རང་ལ་སྤྱི་ཚོགས་ཀྱི་ཤེས་ཡོན་མེད་པ་དང་ཆིག་སྒྲིལ་གྱི་བསམ་བློ་མེད་པ།འབངས་སེམས་དཀྲུགས་པའི་མཇུག་འབྲས་རེད། ལྟ་བ་འདྲ་མིན་དང་སྐྱེ་བོ་སྒེར་གྱི་རང་དབང་ལ་རྩིས་མེད་རྡོག་རོལ་བཏང་བའི་མཇུག་འབྲས་རེད།

  5. ནག་ཐར་སྐྱིད། says:
    2012-10-07 at 3:51 am

    དགོངས་འགལ་མེད་པ་ཞུ། དཔྱད་རྩོམ་འདི་ལ་དབྱེ་ཞིབ་ཀྱི་ཆ་གང་ཡང་མི་འདུག ངོ་བཤུས་བརྒྱབ་ཞིག་དང་འདྲ་སེ་འདུག

  6. འཇིགས་མེད་འོད་ལྡན says:
    2012-10-07 at 4:30 am

    མཆན་ཞབས་༥་་་ནག་ཐར་སྐྱིད་ལགས་ལ་གསལ་བཤད།
    རྩོམ་ཡིག་འདི་ནི་དབྱེ་ཞིབ་ཀྱི་རྩོམ་ཡིག་ཅིག་མིན་པ་བདེན་པ་རེད། འོན་ཀྱང་རྩོམ་ཡིག་འདིས་བཙན་པོའི་རྒྱལ་རབས་ཀྱི་སྟོབས་ཤུགས་དང་སྤྱི་ཚོགས་འཆམ་མཐུན་སོགས་ཇི་ལྟར་ཉམས་པའི་རིམ་པ་དེ་བྲིས་པའི་ཁུལ་ཡིན།
    དགོངས་ཚུལ་གསུང་པར་ཡི་རང་ཡོད།

  7. ངས་པོ་རྒྱལ་མཚན། says:
    2012-10-07 at 5:45 am

    ལྷ་ལུང་དཔལ་རྡོར་གྱིས་ཆོས་སྲུང་བའི་དགེ་མཚན་ཆེན་པོ་ཡོད་སྲིད་ཀྱང། བོད་སིལ་བུར་བཏང་ནས་སིལ་བུའི་དུས་རབས་ཙམ་མ་ཟད། ད་ལྟ་ཡང་སོར་མ་ཆུད་པའི་ལས་ངན་འདི་བརྩམས་པའི་ཉེས་པ་ཡོད་པ་གཟུར་གནས་ཚང་མས་ཤེས་གསལ་རེད། ད་ཆ་མངའ་རིས་སྐོར་གསུམ་གྱི་མང་ཆེ་བ་དང་། ཁུ་ནུ། གར་ཤ པི་ཏི། པི་ཅོག་སོགས་རྒྱ་གར་ཁོངས་དང་། སླེ་མི། ཡ་ཙེ། འཛུམ་ལང་། འོམ་ལ། དོལ་པོ། གློ་བོ། ཡོལ་མོ། ལ་ཕྱི་སོགས་བལ་ཡུལ་བྱང་ཕྱོགས་ཕལ་ཆེ་བ་དང་། འབྲས་ལྗོངས། འབྲུག་པ། དེ་བཞིན་ནང་ལོགས་ལ་ཡང་ལྷོ་པ། མོན་པ། ཤར་པ། སྟེང་པ། མུ་ལི། བོད་མི། མོ་སྲོལ། ནག་ཆེ། གཅེན་པོ། དྭགས་པོ། བོད་དམག ཐོག་ལྕགས། ཐེ་བོ། རྒྱལ་རོང་སོགས་གཞན་དུ་བཀར་བའི་གནས་ཚུལ་ཐོན་དང་ཐོན་བཞིན་པ་གསལ་པོ་རེད། འདི་ཚོ་རྒྱུ་མེད་རྐྱེན་མེད་ངང་འདི་ལྟར་གྱུར་པ་མ་རེད། ཁ་གསལ་ཙམ་བཤད་ན་ལྷ་ལུང་དཔལ་རྡོར་གྱི་ནང་ཆོས་ཀྱི་ཆེད་དུ་མ་ཡིན་པར་ཆོས་གཞིས་མི་སེར་བཟའ་རྒྱུའི་ཆེད་དུ་རེད།

    ར་སེ་དཀོན་མཆོག་རྒྱ་མཚོ་མཆོག་ནས།

  8. ཀརྡོ་གཉེར་ཕྱག་པ་ says:
    2012-10-07 at 5:57 am

    དེ་ཡང་གཞུང་གི་བློན་ཆེན་ཁག་དང་ཡུལ་སྡེ་སོ་སོའི་སྡེ་དཔོན་ཁག་གིས་བོད་ཁམས་ཡོངས་ཀྱི་ཁེ་ཕན་ལ་མ་བལྟས་པར།རང་ཉིད་ཀྱི་ཁེ་དབང་ཕྲན་ཚེགས་ལ་དམིགས་ཏེ་ས་ཕྱོགས་དང་ས་ཕྱོགས་བར་འགལ་བ་སློང་བ་དང་ཆོས་ལུགས་གྲུབ་མཐའི་བར་དུ་འགལ་བ་བསླངས་ནས་དེ་དག་གི་སྟོབས་ཤུགས་བེད་སྤྱོད་བྱེད་ཅིང་རང་གི་ས་ཁོངས་དང་དབང་ཆ་རྒྱ་བསྐྱེད་བྱས་ཡོད་པ་འདི་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་ཆག་སྒོ་ཆེ་ཤོས་ཤིག་ཡིན་པ་ཀུན་གྱིས་རྟོགས་འོས་སོ།། ཟེར།

  9. ཀརྡོ་གཉེར་ཕྱག་པ་ says:
    2012-10-07 at 6:04 am

    རྒྱ་གཞུང་གིས་ངན་བཅངས་སྲིད་བྱུས་ལ་ཕན་པའི་ལོ་རྒྱུས་ཕྱོགས་སྒྲིག་དང་། བོན་པོས་ནང་པར་མ་དགའ་བི་ཚིག་ངན་སྨྲས་དྲགས་པ་དང་། སྨོན་ལོག་དོད་རྒྱལ་བས་ངན་ལས་ཕན་པའི་ནང་དོན་རིགས། སྨྲ་བ་ཉུང་ན་ཕན་ཆེ་སྟེ།
    ནང་བཀྲ་མ་ཤིས་ན། ཕྱི་དོན་མི་གྲུབ་ལ་དགོངས་ནས། ད་གཟོད་བཟོད་བསྲན་དང་། ལ་རྒྱ། ཆིག་སྒྲིལ་དང་གཅིག་འགྱུར་ལ་ཕན་པའི་དོན་ལ་བརྩོན་པའི་དུས་ཤིག་ཤར་ཟིན་པ་མིན་ནམ། དྲྭ་གྲོགས་ཚོ།

  10. ཉི་འོད་གྲོངས says:
    2012-10-07 at 6:39 am

    ལྷ་ལུང་དཔལ་གྱི་རྡོ་རྡེ་ཟེར་བ་དེ། ད་ནས་བཟུང་དགེ་འདུན་དཀོན་མཆོག་གི་ཁྱུ་ནས། མ་གཏོན་ན་ངོ་མ་མི་འགྲིགས་ཐག་་གི་ཆོད་འདུག། ལོང་ཤོག་མྱུག་ཐོག་རྩོམ་པ་ཚང་མ་ལོང་ཤོག། ད་ནས་བཟུང་ཁོ་་བོད་རྒྱུད་ནང་པ་ཡོངས་ཀྱི་ཁོ་་ལ། སྐྱབས་སུ་སུས་སོང་ན་མི་འགྲིགས་ངོ་མ་ཡིན། བོད་གངས་ཅན་གྱི་དགེ་བློང་དང་པོ་་མཁན་ཆེན་ཞི་མཚོ་ལས་རབ་ཏུ་བྱུང་བ་སད་མི་བདུན་ལས། གྲ་ལོག་ལྡོམ་ཤོར་ཁོས་བོད་རྒྱལ་ཁབ་གཏོར། ད་ལྟའི་དཔལ་འབྱོར་དང་གནས་བབས་གང་གི་ཆ་་ནས་རྗེ་ལུས་སུ་ཐེབ་པ་འདི་ཁོས་གནོད་པ་ཉག་གཅིག་གོ། གནས་ཚུལ་འདིའི་ཐད་ནས་འདིས་ཆོག་གོ། གོང་བཀོད་ཁོང་གི་རྩོམ་ལས་འགྲོ་མགོན་འཕགས་པས་བོད་འཆོལ་གསུམ་ཡོངས་རྫོགས་སོག་པོ་ལག་ནས་བཞེས་་ཚུལ་གཅིག་བཀོད་འདུག་ཀྱང། དེ་ང་ཚོའིརྟག་པར་ཨ་ཁུ་ཚོས་་བདེན་པ་ཏིལ་འབྲུ་ཙམ་མེད་པར་འུ་སྒྲོག་ཤ་ཐག། ཁ་ནས་ལབ་ལབ་གཏོང་བ་དེ་ལས་དམིགས་གསལ་གང་ཡང་མ་མཐོང་། རྒྱུ་མཚན་ནི་བོད་འཆོལ་གསུམ་ཡོངས་རྫོགས་ཆིག་སྒྲིལ་དུ་། ས་སྐྱས་བདག་དབང་དུ་བཞེས་པ་དེ་དངོས་གནས་ཡིན་ཚེ། གོངས༧ས་བཅུ་གསུམ་ཆེན་པོའི་ཡང་སྲིད་ད་་ལྟའི་གོངས་ས༧མཆོག་་འདི་ཨ་མདོ་ནས་ངོས་འཛིན་གནང་སྐབས་རྒྱ་ནག་གཞུང་ནས་ཆོག་ཆན་མ་ལོན་པར་དཀའ་ངལ་དུ་མ་ཞིག་ཕྲད་པ་གོངས་ས༧་མཆོག་ཨ་མདོ་ནས་གདན་དྲངས་པའི་ལོ་རྒྱུན་ལས་གསལ་པ་དང་། ཡང་གོངས་༧ས་རིམ་བྱོན་དང་། ཀུན་གཟིགས་པན་ཆེན་བཅས་ཀྱི་ཡང་སྲིད་ངོས་འཛིན་གནང་སྐབས་སུ་རྒྱ་གཞུང་ནས་ཆོག་ཆན་དགོས་་ཚུལ་སོགས་གང་ནས་དཔྱད་ཚེ། འགྲོ་མགོན་འཕགས་པའི་འཆོལ་གསུམ་ཡོངས་རྫོགས་བདག་དབང་དུ་བཞེས་མ་ཐུབ་པའི་རྒྱུ་མཚན་དེའེ་མཚོན་ཐུབ་སྙམ། གཞནཡང་དེའི་སྐོར་མང་པོ་ཞིག་འབྲི་རྒྱུ་འདུག་ཀྱང་། འབྲི་མི་ལོ་ལགཏམ་དཔེ་ལ་ལྷ་ཁང་ལ་འུར་རྡོ་གཡུག་ན་། ་ལྷ་ལ་ལའི་དབུ་དང་ལ་ལའི་ཞབས་སོགས་ཕོག་ཐུག་འགྲོ་བའི་རྒྱུ་ཡི་དཔེ་ལས་མ་འདས་སོ།

  11. ངས་པོ་རྒྱལ་མཚན། says:
    2012-10-07 at 6:44 am

    ཏུང་ཧོན་ཡིག་ཚགས་ལས།
    “ལྷ་སྲས་དར་མ་མན་ཅད་(ཆད་)དང་།
    འོད་སུས་(སྲུང་)དབོན་སྲས་མན(ཡན་)ཆད་དུ༎
    སྤྱི་ནི་དར་ཅིང་རྒྱས་ཅེས་(ཆེས་)པས༎
    མྱིར་སྐྱེས་ཀུན་ཀྱང་འགྲུབ་པར་བཞེད༎”

  12. ཀརྡོ་གཉེར་ཕྱག་པ་ says:
    2012-10-07 at 7:19 am

    འུ་སྒྲོག་ཤ་ཐག། འུར་སྒྲོག་ཤ་སྟག
    བོད་འཆོལ་གསུམ་ བོད་ཆོལ་གསུམ།
    པན་ཆེན་ པཎ་ཆེན།

  13. གནམ says:
    2012-10-07 at 7:21 am

    བསྟོད་པ་བྱས་ན་བསྟོད་ས་མང་ནི་རེད།
    སྨད་པ་བྱས་ན་སྨད་ས་མང་ནི་རེད།
    ཕན་མེད་རང་རེད། དེ་ལས་སང་ཉིན་སུ་ཞིག་གིས་སྐྱག་པ་ག་པར་གཏོང་བ་ལ་སེམས་ཚེགས་བྱས་ན་མི་བཟང་ངམ།
    ལོ་རྒྱུས་བ་ཚོ་ང་ལ་འཚིག་པ་མ་ཟ།

  14. བྱི་ལ says:
    2012-10-07 at 10:27 am

    ུ’ མཆན་ཨང་དགུ་པའི་ཀརྡོ་ལགས་ཀྱིས། ནང་བཀྲ་མ་ཤིས་ན། ཕྱི་དོནམི་འགྲུབ་གསུངས་པ་ཤིན་ཏུ་བདེན་ནའང་། བོན་པོས་བན་དེར་མ་དགའ་བའི་ཚིག་སྨྲས་དྲགས་པ་དང་གསུངས་པ་འདི། ཁྱེད་ཀྱིས་བན་བོན་ཕན་ཚུན་མ་དགའ་བའི་ཚིག་ངན་སྨྲ་ས་རེས་བྱས་པ་རྣམས་དཔྱད་ཞིབ་གནང་ནས། བན་དེ་ལས་བོན་པོས་སྨྲས་དྲགས་འདུག་གསུང་གི་ཡོད་དམ། བན་དེས་བོན་པོརངན་སྨྲས་བྱས་པ་རྣམས་ཀྱིས་ནང་བཀྲ་མི་ཤིས་པའི་སྐྱོན་བྱེད་ཀྱི་མེདཔ་ཨེ་ཡིན། ཁྱེད་ནང་ཁུལ་དམ་གཙང་ལ་ཐུགས་འདུན་ཡོད་མཁན་ཞིག་ཡིནཔའི་ཆ་ནས། ཕྱོགས་ལྷུང་དང་འོལ་ཚོདཀྱི་གཏམ་ནིཡིན་མི་སྲིད་པས། གསལ་བཤད་གནངགལ་ཆེ་ཞུ།

  15. མཁར་རྔ། says:
    2012-10-07 at 10:37 am

    ནང་གི་མཐུན་སྒྲིལ་འགལ་རྩོད་ཁྲོད་ནས་བརླགས།
    འདི་ནི་ཁ་བའི་ལང་ཚོ་རྒུད་དུས་ཡིན།
    ང་ཚོའི་མདུན་སྐྱོད་གོམ་པ་སྤོ་དགོས་ན།
    ཐོག་མར་དགོས་པ་ནང་གི་མཐུན་སྒྲིལ་ཡིན།
    བྱིས་པར་མཁོ་བ་སྐད་དང་རིག་གནས་ཡིན།

    ཅེས་པའི་གངས་ལྗོངས་ཁུ་བྱུག་སྔོན་མོ་བདུད་བྷེའི་གཞས་དེ་གོ་ཡོད་དམ།

  16. ཀོང་རྗེ་དཀར་པོ། says:
    2012-10-07 at 12:20 pm

    ཀར་རྡོའི་ཟེར་བའི་རེ་འདུན་དང་ལག་ལེན་དངོས་ནི་བན་དེས་བོན་པོར་སྡང་ཟུག་དང་ཁྱད་གསོད་གང་ཐུབ་ཅི་ཐུབ་ཁ་རུབ་དཔུང་རུབ་གང་མང་བྱུང་ན་བད་དེ་དག་ནང་བཀྲ་ཤིས་པ་དང་ཕྱིའི་དོན་འགྲུབ་པའི་མངོན་རྟགས་སུ་རྩི་བཞིན་པ་ལྟར་ན་ཆོས་ལུགས་རིས་ཆད་ཀྱི་ལྟ་སྟངས་གུ་དོག་པོ་འདི་དང་འདི་འདྲའི་རིགས་ཀྱིས་བོད་ཀྱི་སྤྱི་ཚོགས་འཆམ་མཐུན་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དགོས་འདུན་བརླག་པའི་མངན་སེམས་འཆང་བཞིན་མི་འདུག་གམ། ལྷག་པར་དུ་ཁ་བརྡ་དྲྭ་བའི་གཙོ་འཛིན་པ་ཚོ་གཟིགས་དཔྱོད་གནང་གལ་ཆེ།

  17. ཀོང་རྗེ་དཀར་པོ། says:
    2012-10-07 at 12:36 pm

    བོད་ཀྱི་སྲིད་དབང་ཉམས་རྒུད་ཀྱི་རྩ་བའི་དང་པོ་ནི་ཁྲི་རལ་བས་འགོ་མཇུག་ལྡོག་སྟེ་རལ་བ་སྟན་དུ་བྱས་པའི་ལྟས་ངན་ཤར་བ་དང་། འབངས་མིར་བདེ་ཐབས་མ་བསམ་དེ་དག་གི་ཟུངས་ཁྲག་དྲོན་མོ་བན་དེ་ཚོས་ཅི་དགར་སྤྱོད་དུ་བཅུག་པས་ལན་པ་རེད།

  18. ཀརྡོ་གཉེར་ཕྱག་པ་ says:
    2012-10-07 at 12:40 pm

    བན་བོན་གཉིས། གཉིས་སུ་འབྱེད་མི་ཤེས་མཁན་མི་གཅིག་ཡིན་པས། ང་ལ་གང་ལབ་ན་ཡང་མི་འགྲིགས་པ་གཅིག་ཀྱང་མེད། ད་ལྟའི་ཁ་བརྡའི་ནང་ཕྲག་དོག་ཁྲག་འཛར་མ་དང་། རྒྱལ་རབས་ཁྲག་ཐིགས་མ་ཡོད་པ་མ་གཏོགས། ཆོས་རྒྱལ་གཉའ་ཁྲིས་འཇོན་སྟངས། ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་མཛད་རྗེས། ས་ཕག་རི་སྤུང་དང་། རྒྱལ་མཆོག་རྣམས་ཀྱི་བཀའ་དྲིན་བསམ་ཤེས་སྐོར་ཉུང་སྐྱོན་དུ་མཐོང་ནས།
    རྒྱ་གཞུང་དང་གཅིག ༼ལྷ་ལུང་དཔལ་གྱི་རྡོ་རྡེ་ཟེར་བ་དེ། ད་ནས་བཟུང་དགེ་འདུན་དཀོན་མཆོག་གི་ཁྱུ་ནས། མ་གཏོན་ན་ངོ་མ་མི་འགྲིགས་ཐག་་གི་ཆོད་འདུག། ལོང་ཤོག་མྱུག་ཐོག་རྩོམ་པ་ཚང་མ་ལོང་ཤོག། ད་ནས་བཟུང་ཁོ་་བོད་རྒྱུད་ནང་པ་ཡོངས་ཀྱི་ཁོ་་ལ། སྐྱབས་སུ་སུས་སོང་ན་མི་འགྲིགས་ངོ་མ་ཡིན། བོད་གངས་ཅན་གྱི་དགེ་བློང་དང་པོ་་མཁན་ཆེན་ཞི་མཚོ་ལས་རབ་ཏུ་བྱུང་བ་སད་མི་བདུན་ལས། གྲ་ལོག་ལྡོམ་ཤོར་ཁོས་བོད་རྒྱལ་ཁབ་གཏོར། ད་ལྟའི་དཔལ་འབྱོར་དང་གནས་བབས་གང་གི་ཆ་་ནས་རྗེ་ལུས་སུ་ཐེབ་པ་འདི་ཁོས་གནོད་པ་ཉག་གཅིག་གོ།༽བན་པོ་གཅིག་གིས་བན་དེ་ཡོངས་ལ་དམའ་འབེབས་བཀའ་གཏོང་བྱས་པས།
    བོན་པོས་ནང་པར་མ་དགའ་བི་ཚིག་ངན་སྨྲས་དྲགས་པ་དང་། སྨོན་ལོག་དོད་རྒྱལ་བས་ངན་ལས་ཕན་པའི་ནང་དོན་རིགས། སྨྲ་བ་ཉུང་ན་ཕན་ཆེ་སྟེ། ཞེས་བཤད་པ་མ་གཏོགས་གཞན་དང་མི་འདྲ་བར་བོན་པོ་ཡོངས་ལ་ངའི་སྨད་ཚིག་མེད་པ་འདིས་ཀྱང་མཁྱེན་ཐུབ་སྙམ་ལགས།

  19. ཟུར་གནས། says:
    2012-10-07 at 3:49 pm

    ང་ཚོས་ལོ་རྒྱུས་འབྲི་སྐབས་དང་ཀློག་སྐབས། དེ་ལ་དགོས་པ་ཆེ་བ་གཉིས་ཏེ། སྔར་གྱི་གནས་ཚུལ་མ་བརྗེད་པ་དང་གཅིག། གཉིས་ནས་སྔར་གྱི་གནས་ཚུལ་ལ་ཕྱོགས་བསྡོམ་བྱས་ཏེ། སྐྱོན་ཆ་རྣམས་སླར་མི་ཡོང་བའི་ཆེད་དུ་རེད་སྙམས།

    བོད་ཀྱི་ལོ་རྒྱུས་བཀླགས་རྗེས། ཤེས་བྱ་ནི། བོད་འདི་ནང་པ་མ་དར་བའི་སྔོན་ལ་རྒྱལ་ཁབ་ཆེན་པོ་ཞིག་དང་། སྟོབས་པོ་ཆེ་ཞིག་རེད། དེ་ཡང་བདེན་པ་རེད། ནང་ཆོས་དར་རྗེས། བོད་ཀྱི་ནང་ལ་ཟང་ཟིང་མང་པོ་བྱུང་ནས། མཐར། ལྷ་ལུང་དཔལ་རྡོར་ཟེར་བའི་ནང་པའི་གསང་སྔགས་ཀྱི་ཆོས་པ་ཞིག་གིས་བོད་ཀྱི་རྒྱལ་པོ་བསད། དེའི་རྐྱེན་གྱིས་བོད་འདི་སྲིལ་བུར་འགྱུར་ནས། ལོ་སྟོང་ཕྲག་གཅིག་ལྷག་ནང་འཁྲུག་ཐག་མ་ཆོད། དེའི་རྐྱེན་གྱིས་བོད་ཀྱི་གཟུངས་ཁྲག་ཟད་ནས། མཐར་རྒྱ་མིའི་སྤྲང་པོ་དང་གཡོག་པོ། མཚོན་ཆ་ཐབ་ཆག་འཁུར་བའི་དམག་དཔུང་ཞིག་གིས་ལས་སླ་པོར་བཅོམས་ནས་བོད་ཟེར་བའི་མིང་ཡང་མེད་པར་འགྱུར་བའི་དུས་ལ་བཅར།

    འདི་རེད།

  20. འབའ་གནས། says:
    2012-10-07 at 8:12 pm

    དངོས་གནས་ཆོས་ལུགས་ནི་དུག་རྫས་རེད་ཡ། བོད་མི་རིགས་ལ་འདི་ཕན་སོང་ལབ་ཡ་ཡོད་མ་རེད།

  21. ལེགས་བཤད། says:
    2012-10-07 at 8:14 pm

    ཆོས་མེད་རྩྭ་གཟུགས་ཨུ་དུམ་བཙན་པོའི་བུ།།
    གདུག་ཅན་མེ་ལྕེ་མི་དགེའི་གྲོགས་དང་འབྲེལ།།
    ཞི་བསིལ་དགེ་བའི་དཔལ་ཡོན་འཇོམས་བྱེད་པ།།
    གངས་ཅན་བོད་ཀྱི་བསྟན་པའི་སྤྱི་དགྲ་ཡིན།།

    འཛམ་གླིང་ཞི་བདེའི་བྱེད་པོ་སྟོན་མཆོག་ལས།།
    བརྒྱུད་པའི་ཆོས་ཚུལ་ལུང་རྟོགས་ཉི་ཟླའི་འོད།།
    གངས་ཅན་ཡུལ་དུ་དར་བར་མ་བཟོད་པའི།།
    ཕྲག་དོག་འདི་ནི་བསྟན་པའི་སྤྱི་དགྲ་ཡིན།།

    བླང་དོར་རྣམ་དབྱེ་མི་བྱེད་ཤེས་རྨོངས་པའི།།
    ལྟས་ངན་གཟུགས་སུ་ཤར་བའི་འགོང་བོའི་འཕྲུལ།།
    ཕུང་དཀྲུགས་ཐེའུ་རང་བྱི་ལའི་རྣམ་པ་ཅན།།
    རྒྱལ་སྲིད་རྡུལ་དུ་བརླགས་པའི་གཏེ་བོ་ཡིན།།

    བཙན་དང་མ་མོའི་གདོན་གྱི་ཆོ་འཕྲུལ་ཅན།།
    སེམས་སུ་ཞུགས་པའི་གླང་དར་སྙིང་ཁ་ལ།།
    སྙིང་རྗེའི་གཞུ་ལ་སྦྱར་བའི་མདའ་མོ་ཡིས།།
    ཤེས་རབ་འོད་སྦྱིན་ལྷ་ལུང་དཔལ་རྡོར་ཡིན།།

    ག་མོག་ལོག་རྟོག་སྨྲ་བའི་

  22. ལེགས་བཤད། says:
    2012-10-07 at 8:39 pm

    གླང་དར་གྱི་གསོས་ཕྲུག་འབའ་གནས་ལགས། ཆོས་ལུགས་དུག་རྫས་རེད་ཅེས་བ་དམར་ཕྱོགས་པའི་སྐྱབས་མགོན་མོའུ་ཀྲོ་ཤུའི་གསུང་བཤད་ནང་ལ་དེ་འདྲ་ཡོད་པ་རེད། ཁ་བརྡའི་ནང་གི་ཆོས་མེད་སྨྲ་བ་དང་ཆོས་ཡོད་སྨྲ་བ་སུ་ཞིག་ཡིན་རུང་འགྲོ་བ་མི་ཞིག་རེད། ཆོས་ལ་དད་པ་ཡོད་ཀྱང་རུང་མེད་ཀྱང་རུང་སོ་སོའི་རང་དབང་རེད། རྒྱུ་མཚན་ཡོད་མེད་དང་ཕན་ཐོགས་ཡོད་མེད་ནི་གཙོ་བོ་སོ་སོའི་སེམས་ལ་རག་ལས་པ་རེད། སོ་སོའི་བསམ་བློའི་ཁྱེར་སྟངས་ལས་རག་ལས་པ་རེད།

  23. བྱི་ལ says:
    2012-10-07 at 9:04 pm

    ཀརྡོ་ལགས། མཆན་ཨང་བཅུ་བཞི་པའི་གསལ་བཤད་ལ་ད་དུང་བསྒུགས་ནས་བསྡད་ཡོད་ད།,

  24. ལེགས་བཤད། says:
    2012-10-07 at 9:16 pm

    ཆོས་ཀྱིས་བོད་ལ་ཕན་ཐོགས་འདི་ལྟར་ཡོད། ཆོས་མེད་ན་བོད་པ་ཚོ་རྩ་སྟོང་དུ་འགྲོ་ཚར་བའམ་ཡང་ན་འགྲོ་ཉེན་ཆེ། གང་ཡིན་ཟེར་ན་གླང་དར་དང་རིག་གནས་གསར་བརྗེའི་མཇུག་འབྲས་བཞིན། ཆོས་ལུགས་དང་ཚན་རིག་གིས་འགྲོ་བ་མི་རྣམས་གཅིག་པ་ཡིན་པའི་ལྟ་ཚུལ་བཟུང་ཡོད། དེ་མེད་ན་འདོད་རྔམས་དང་གཡོ་ཁྲམ་གྱིས་གཞན་དབང་དུ་སོང་སྟེ་བདེ་སྐྱིད་ཟེར་བ་ཞིག་གང་ན་ཡོད། ད་ལྟའི་འཛམ་གླིང་ན་མཐོང་བཞིན་པའི་དམག་འཁྲུགས་དེའོ།།བོད་ཀྱི་ཆོས་དད་པས་རྒྱ་མི་བསད་མྱོང་མེད་ལ་རྒྱ་མིས་ཚུར་བོད་ཀྱི་ཆོས་དད་པ་ག་ཚོད་བསད་པ་རེད། གླེན་པ་ཁྱོད་ཚོས་ཨ་ཕའི་མགོ་ལ་སྟ་རེའི་དཔེ་ལྟར་སྐྱོན་ཅུང་ཟད་ལ་བརྟེན་ནས་རང་གི་ཆོས་ལུགས་ལ་དམའ་འབེབས་བྱེད་མཁན་ཁྱོད་ཚོ་བོད་མི་རིགས་ལ་ཕན་ཐོགས་གང་ཡང་མེད་པ་ནི་མིག་མཐོང་ལག་ཟིན་གྱིས་ར་འཕྲོད་ཐུབ་ངེས་རེད། ད་ལྟའི་བར་བོད་མི་རིགས་ཀྱི་ཆེད་དུ་མཆོད་མེ་ཕུལ་མཁན་དེ་དག་ཚང་མ་ལ་བོད་མི་རིགས་ལ་ཤ་ཚ་དང་སྙིང་རྗེ། ལྷག་བསམ་དང་སྙིང་སྟོབས། དྲང་བདེན་དང་ལ་རྒྱ་བརྩི་མཁན་རྐྱང་རེད། དེ་དག་ཚང་མ་ཆོས་དད་པ་རེད། །གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། ཞེས་པའི་འབོད་ཚིག་འདིའི་གཏིང་ན་གོ་བ་ཟབ་མོ་ལེན་རྒྱུ་ཇི་ཙམ་ལོན་རྒྱུ་ཡོད། རྨོངས་བ་ཁྱོད་ཚོས་བློ་ཡུལ་མི་ཤོང་ངོ། །

  25. BONPO says:
    2012-10-07 at 9:25 pm

    ཀརྡོ་གཉེར་ཕྱག་པ་ཟེར་བ་འདི་ཁ་བརྡ་དྲྭ་བའི་ནང་དུ་བོད་རིགས་ནང་ཁུལ་ཕུ་དཀྲུགས་མདོ་དཀྲུགས་བྱེད་མཁན་གྱི་ཨང་རིམ་དང་པོའི་གྲས་ཀྱི་གཟེངས་རྟགས་ལེན་དུ་ཡོང་བ་ཡིན་པ་འདྲ། ཁོས་བན་དེ་ཚང་ལ་ཤ་ཞེན་ཆེ་མདོག་གིས་བོན་པོ་རྣམས་རྒྱ་དམར་དང་དོད་རྒྱལ་བའི་གྲས་སུ་འཇོག་རྩིས་བྱེད་ཀྱི་འདུག་ག། ཀརྡོ་གཉེར་ཕྱག་པ་ད་ཁྱོད་ཀྱི་ཁ་བདག་མེད་དེ་ཚོད་བཟུང་ན་དགའ། ཁྱོད་ཀྱིས་ཁ་ཆེ་ཚོ་ལ་འདི་འདྲ་ཞིག་ལོབ་དང་སང་ཉིན་ཁྱོད་དང་ཁྱོད་ཀྱི་ཆོས་ལུགས་པ་ཚོ་ག་བ་སླེབས་ཤེས་ཡོང་། ང་ཚོ་བོད་རང་སའི་བོན་པོ་ཚོ་ལ་ཐུབ་ཚོད་དང་མཐོང་ཆུང་བྱེད་ལ་ལ་བྱེད་པའི་ལམ་ལུགས་དེའི་རྗེས་འཛིན་ཁྱོད་ཀྱིས་མུ་འཐུད་ནས་སྐྱོང་འདོད་ཡོད་དམ། ཉི་འོད་གྲོངས་ཀྱི་མཆན་བཅུ་པ་དེ་ཀརྡོ་གཉེར་ཕྱག་པའི་མཆན་དགུ་པའི་རྗེས་སུ་བྲིས་པ་ཞིག་རེད་འདུག། དེ་འདྲ་ཡིན་དུས་ཀརྡོ་གཉེར་ཕྱག་པའི་མཆན་བཅོ་བརྒྱད་པ་དེའི་ནང་དུ་ཉི་འོད་གྲོངས་ཀྱིས་བཤད་པ་རྒྱུ་མཚན་དུ་བཟུང་ནས་ཁྱོད་ཀྱིས་དེ་ལྟར་བཤད་པ་ཡིན་ཟེར་བ་དེ་ནི་རྐུབ་གད་མོ་ཤོར་བྱེད་ཀྱི་སྐད་ཆ་མ་རེད་བས། རྩ་བའི་ཆ་ནས་མཆན་འབྲི་མཁན་ཉི་འོད་གྲོངས་ལགས་བོན་པོ་གཅིག་ཡིན་པའི་དཔང་རྟགས་ཁྱོད་ལ་འཇོག་རྒྱུ་ཡོད་དམ། བསམ་གཏན་ཡག་པོ་སྒོམ་ནས་བཞུགས་ན་ཡག་ས་རེད་ད་ཀརྡོ་གཉེར་ཕྱག་པ་ལགས། ད་རེས་གླེང་སློང་མཁན་ཐོག་མ་དེ་ཀརྡོ་གཉེར་ཕྱག་པ་ཁྱོད་ཡིན་པས་འགན་དེ་ཆ་ཚང་ཁྱོད་ཀྱིས་འཁུར་དགོས་སོ།

  26. ལེགས་བཤད། says:
    2012-10-07 at 9:25 pm

    བརྒྱད་སྟོང་བ་ལས། ཕར་ཕྱིན་དྲུག་ནི་ཡོ་བྱད་དོ། །ཞེས་པ་ལྟར་རྩ་བའི་ཆ་ནས་ཆོས་ལུགས་ནི་ཡོ་བྱད་ལྟ་བུ་རེད། ལེགས་ཉེས་གང་ལའང་བཀོལ་སྤྱོད་བྱེད་ཆོག །ཆོས་ལུགས་མེད་པའི་མི་ལ་ཉེན་ཁ་ཆེ་བ་ཡོད་པ་དཔེ་དང་རྟགས་རྒྱུ་མཚན་གསལ་བོར་བཤད་རྒྱུ་ཡོད་པ་རེད། བན་བོན་བར་གྱི་རྙོག་དྲའི་དུག་རྫས་ངོ་མ་ནི་ཆོས་ལུགས་མ་རེད། གང་ཟག་སྒེར་གྱི་རྨོངས་བློ་རེད།

  27. ཟུར་གནས། says:
    2012-10-07 at 11:36 pm

    མཚམས་རེ་བསམ་བློ་འདི་འདྲ་ཡང་འཁོར་ཏེ། ཅི་སྟེ། བོད་ལ་བོན་པོ་ཤུགས་ཆེར་དར་ཞིང་། ནང་ཆོས་དར་མེད་ན། ལྷ་ལུང་དཔལ་རྡོར་ལ་རྒྱལ་པོ་གསོད་པའི་བསྐལ་བ་མ་བྱིན་པས། ད་ལྟ་བོད་འདི་ཇི་འདྲ་ཞིག་ཏུ་འགྱུར་ཏམ།

    ཅི་སྟེ། བོད་ཀྱི་རྒྱལ་པོས་ཏ་ཟིག་གི་ཡུལ་ནས། ཁ་ཆེའི་ཆོས་གདན་དྲངས་ནས། བོད་འདི་བསྐྱངས་ཡོད་ན། ད་ལྟ་བོད་འདི་ཇི་འདྲ་ཞིག་ཏུ་འགྱུར་ཏམ།

    ཅི་སྟེ། བསམ་ཡས་རྩོད་པ་ཆེན་པོའི་སྐབས་ལ་རྒྱའི་བསམ་གཏན་པ་ཚོར་རྒྱལ་ཁ་ལོན་ཏེ། བོད་འདི་ལ་རྒྱའི་བསམ་གཏན་པའི་ཆོས་དར་ཡོད་ན། བོད་འདི་ད་ལྟ་ཇི་འདྲ་ཞིག་ཏུ་འགྱུར་ཏམ།

    གོང་གི་བསམ་བློ་འདི་ཚོ་ནི། ང་རང་ཕ་ཡུལ་ལ་ལོག་ཕྱིན། དེར་བོད་ཀྱི་ས་ཆུ་ལེགས་པ་ཚང་མ་རྒྱས་འཕྲོག། བོད་ཀྱི་ལུང་པར་རྒྱ་མི་དཔོན་དུ་གྱུར། བོད་ཀྱི་བུད་མེད་མང་ཆེ་བ་རྒྱའི་འབྱོར་ལྡན་ཅན་ཚོའི་མཇེ་ལ་ཁྱུད། བོད་ཀྱི་དཔའ་བོར་གྲགས་པའི་ཁམས་རིགས་དང་ཨ་མདོ་བའི་རིགས་མང་ཆེ་བ་བཙོན་ལ་ཞུགས། བོད་ཀྱི་བླ་མ་དང་སྤུལ་སྐུ་མང་པོ་ཞིག་རྒྱའི་རྒྱུ་ཆེན་གྱི་ཁ་ལ་ཁྱུད་པ་མཐོང་སྐབས་སེམས་ནང་ལ་ཤོད་མ་ཤེས་པའི་ཚོར་བ་སྐྱུར་མོ་ཞིག་དང་། མཐོང་མ་འདོད་པའི་ཕ་ཡུལ་གྱི་བཞིན་རས་ཐབས་སྡུག་ཅིག་གི་ཡུལ་ལྗོངས་ནང་ལ། ཟུར་ཞིག་ལ་བོད་པའི་སྤྲང་པོ་ཞིག་དང་མཉམ་དུ་ཁ་བརྡ་བྱེད་སྐབས་འཁོར་བའི་འདྲི་བ་རྣམས་ཡིན། སྐབས་དེ་དུས། བདེ་སྲུང་པའམ། རྒྱ་སྐད་ལ་སྦའོ་ཨན་ཟེར་བའི་མི་འགའ་ཤས་ཤིག་རྒྱུག་ཡོང་ནས། སློང་མོ་བ་རྣམས་ལ་བཅར་བརྡུང་དང་ཁ་བརྡུང་ཚད་མེད་གཏོང་བཞིན་མཐར་འབུད་པའི་སྐབས། བོད་པའི་སློང་མོ་བ་དེས། བུ། བུ། ཚུར་ཤོག། དཀྱིལ་ལ་མ་འཐོན། ཟུར་ལ་སྡོད། ཉེས་བརྡུང་གཟེད་ཀྱི་རེད་ཟེར།

    ངས་ཁྱེད་ཕ་ཡུལ་གང་ནས་ཡིན་དྲིས་པར། ང་འདི་ནས་ཡིན། ཕྲུ་གུ་རྣམས་རྒྱའི་གཏེར་ཁ་འདོན་མཁན་གྱི་ལས་ཀ་རེག་སྟབས། ཁང་པ་སྟོང་པ་ཡིན། ནང་ལ་ཟ་རྒྱུ་མེད་པར་ཕྱི་ལ་སློང་མོ་རྒྱག་པར་ཡོང་གི་ཡོད། འདིར་སྐྱིད་པོ་འདུག་ཟེར། མ་ནི་འདྲ་གྲངས་ན་སྒོར་ཏོག་རེ་གཉིས་ཐོབ་ཀྱི་འདུག། དེ་མིན་མ་ནི་ཅི་ཕན་ཟེར། བླ་མ་དེ་ཚོ་ཡང་ཉོས་ཚར་པ་རེད། ད་ལྷ་ཡུལ་ཡང་རྒྱ་མིས་ཁེངས་ཟིན་པ་ཡོད་ཟེར།

  28. ཀརྡོ་གཉེར་ཕྱག་པ་ says:
    2012-10-07 at 11:47 pm

    ༧༽ ངས་པོ་རྒྱལ་མཚན་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༧ གི་ཆུ་ཚོད་ ༥ སྐར་མ་ ༤༥
    ལྷ་ལུང་དཔལ་རྡོར་གྱིས་ཆོས་སྲུང་བའི་དགེ་མཚན་ཆེན་པོ་ཡོད་སྲིད་ཀྱང། བོད་སིལ་བུར་བཏང་ནས་སིལ་བུའི་དུས་རབས་ཙམ་མ་ཟད། ་་་་་་་་་ ཁ་གསལ་ཙམ་བཤད་ན་ལྷ་ལུང་དཔལ་རྡོར་གྱི་ནང་ཆོས་ཀྱི་ཆེད་དུ་མ་ཡིན་པར་ཆོས་གཞིས་མི་སེར་བཟའ་རྒྱུའི་ཆེད་དུ་རེད།
    ར་སེ་དཀོན་མཆོག་རྒྱ་མཚོ་མཆོག་ནས།

    ༡༠༽ ཉི་འོད་གྲོངས་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༧ གི་ཆུ་ཚོད་ ༦ སྐར་མ་ ༣༩
    ལྷ་ལུང་དཔལ་གྱི་རྡོ་རྡེ་ཟེར་བ་དེ། ་་་་་་་

    ༩༽ ཀརྡོ་གཉེར་ཕྱག་པ་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༧ གི་ཆུ་ཚོད་ ༦ སྐར་མ་ ༠༤
    རྒྱ་གཞུང་གིས་ངན་བཅངས་སྲིད་བྱུས་ལ་ཕན་པའི་ལོ་རྒྱུས་ཕྱོགས་སྒྲིག་དང་། བོན་པོས་ནང་པར་མ་དགའ་བི་ཚིག་ངན་སྨྲས་དྲགས་པ་དང་། ་་་་་་་

    ༡༤༽ བྱི་ལ་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༧ གི་ཆུ་ཚོད་ ༡༠ སྐར་མ་ ༢༧
    ུ’ མཆན་ཨང་དགུ་པའི་ཀརྡོ་ལགས་ཀྱིས། ནང་བཀྲ་མ་ཤིས་ན། ཕྱི་དོནམི་འགྲུབ་གསུངས་པ་ཤིན་ཏུ་བདེན་ནའང་། བོན་པོས་བན་དེར་མ་དགའ་བའི་ཚིག་སྨྲས་དྲགས་པ་དང་གསུངས་པ་འདི། ་་་་་་་་་་

    ༡༦༽ ཀོང་རྗེ་དཀར་པོ་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༧ གི་ཆུ་ཚོད་ ༡༢ སྐར་མ་ ༢༠
    ཀར་རྡོའི་ཟེར་བའི་རེ་འདུན་དང་ལག་ལེན་དངོས་ནི་བན་དེས་བོན་པོར་སྡང་ཟུག་དང་ཁྱད་གསོད་གང་ཐུབ་ཅི་ཐུབ་ཁ་རུབ་དཔུང་རུབ་གང་མང་བྱུང་ན་བད་དེ་དག་་་་་་་་་་་

    ༡༨༽ ཀརྡོ་གཉེར་ཕྱག་པ་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༧ གི་ཆུ་ཚོད་ ༡༢ སྐར་མ་ ༤༠
    བན་བོན་གཉིས། གཉིས་སུ་འབྱེད་མི་ཤེས་མཁན་མི་གཅིག་ཡིན་པས། ང་ལ་གང་ལབ་ན་ཡང་མི་འགྲིགས་པ་གཅིག་ཀྱང་མེད། ད་ལྟའི་ཁ་བརྡའི་ནང་ཕྲག་དོག་ཁྲག་འཛར་མ་དང་། རྒྱལ་རབས་ཁྲག་ཐིགས་མ་ཡོད་པ་མ་གཏོགས། ཆོས་རྒྱལ་གཉའ་ཁྲིས་འཇོན་སྟངས། ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་མཛད་རྗེས། ས་ཕག་རི་སྤུང་དང་། རྒྱལ་མཆོག་རྣམས་ཀྱི་བཀའ་དྲིན་བསམ་ཤེས་སྐོར་ཉུང་སྐྱོན་དུ་མཐོང་ནས།
    རྒྱ་གཞུང་དང་གཅིག ༼ལྷ་ལུང་དཔལ་གྱི་རྡོ་རྡེ་ཟེར་བ་དེ། ད་ནས་བཟུང་དགེ་འདུན་དཀོན་མཆོག་གི་ཁྱུ་ནས། མ་གཏོན་ན་ངོ་མ་མི་འགྲིགས་ཐག་་གི་ཆོད་འདུག། ལོང་ཤོག་མྱུག་ཐོག་རྩོམ་པ་ཚང་མ་ལོང་ཤོག། ད་ནས་བཟུང་ཁོ་་བོད་རྒྱུད་ནང་པ་ཡོངས་ཀྱི་ཁོ་་ལ། སྐྱབས་སུ་སུས་སོང་ན་མི་འགྲིགས་ངོ་མ་ཡིན། བོད་གངས་ཅན་གྱི་དགེ་བློང་དང་པོ་་མཁན་ཆེན་ཞི་མཚོ་ལས་རབ་ཏུ་བྱུང་བ་སད་མི་བདུན་ལས། གྲ་ལོག་ལྡོམ་ཤོར་ཁོས་བོད་རྒྱལ་ཁབ་གཏོར། ད་ལྟའི་དཔལ་འབྱོར་དང་གནས་བབས་གང་གི་ཆ་་ནས་རྗེ་ལུས་སུ་ཐེབ་པ་འདི་ཁོས་གནོད་པ་ཉག་གཅིག་གོ།༽བན་པོ་གཅིག་གིས་བན་དེ་ཡོངས་ལ་དམའ་འབེབས་བཀའ་གཏོང་བྱས་པས།
    བོན་པོས་ནང་པར་མ་དགའ་བི་ཚིག་ངན་སྨྲས་དྲགས་པ་དང་། སྨོན་ལོག་དོད་རྒྱལ་བས་ངན་ལས་ཕན་པའི་ནང་དོན་རིགས། སྨྲ་བ་ཉུང་ན་ཕན་ཆེ་སྟེ། ཞེས་བཤད་པ་མ་གཏོགས་གཞན་དང་མི་འདྲ་བར་བོན་པོ་ཡོངས་ལ་ངའི་སྨད་ཚིག་མེད་པ་འདིས་ཀྱང་མཁྱེན་ཐུབ་སྙམ་ལགས།

    ༢༣༽ བྱི་ལ་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༧ གི་ཆུ་ཚོད་ ༢༡ སྐར་མ་ ༠༤
    ཀརྡོ་ལགས། མཆན་ཨང་བཅུ་བཞི་པའི་གསལ་བཤད་ལ་ད་དུང་བསྒུགས་ནས་བསྡད་ཡོད་ད།,

    ༢༥༽ BONPO ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༧ གི་ཆུ་ཚོད་ ༢༡ སྐར་མ་ ༢༥
    ཀརྡོ་གཉེར་ཕྱག་པ་ཟེར་བ་འདི་ཁ་བརྡ་དྲྭ་བའི་ནང་དུ་བོད་རིགས་ནང་ཁུལ་ཕུ་དཀྲུགས་མདོ་དཀྲུགས་བྱེད་མཁན་གྱི་ཨང་རིམ་དང་པོའི་གྲས་ཀྱི་གཟེངས་རྟགས་ལེན་དུ་ཡོང་བ་ཡིན་པ་འདྲ། ཁོས་བན་དེ་ཚང་ལ་ཤ་ཞེན་ཆེ་མདོག་གིས་བོན་པོ་རྣམས་རྒྱ་དམར་དང་དོད་རྒྱལ་བའི་གྲས་སུ་འཇོག་རྩིས་བྱེད་ཀྱི་འདུག་ག། ཀརྡོ་གཉེར་ཕྱག་པ་ད་ཁྱོད་ཀྱི་ཁ་བདག་མེད་དེ་ཚོད་བཟུང་ན་དགའ། ་་་་་་་་་་་་

  29. ཀོང་རྗེ་དཀར་པོ། says:
    2012-10-07 at 11:50 pm

    ད་ཆར་འཛམ་གླིང་འདིར་བདེན་པའི་གནས་ལུགས་བཤད་ནས་བདེན་མཐའ་གསལ་དགོས་པ་ལས་གཞན་༼བོད་ཀྱི་ཆོས་དད་པས་རྒྱ་མི་བསད་མྱོང་མེད་ལ་རྒྱ་མིས་ཚུར་བོད་ཀྱི་ཆོས་དད་པ་ག་ཚོད་བསད་པ་རེད།༽ཟེར་བ་ལྟ་བུ་བསམ་བློ་མ་བཏང་བའི་མཁྲེགས་འཛིན་གྱིས་རང་སྐྱོན་སྦས་སྐུངས་དང་གཞན་སྐྱོན་ཐེར་འདོན་བྱེད་པ་གཅིག་པུར་བསམ་ནས་བསྡད་ན་རང་རྒྱལ་གཞན་ཕམ་གྱི་ལྟ་སྟངས་ཡིན་པས་དེས་བདེན་པའི་ཕུགས་འདུན་མངོན་མི་ནུས་ལ་ལྷག་པར་དུ་བོད་ཀྱི་ཕུགས་འདུན་མི་འགྲུབ་སྟེ་གནས་ལུགས་དང་དྲང་བདེན་ལ་མི་མཐུན་ཞིང་ཆོས་ལུགས་དང་ཡང་འགལ་བས་སོ།

  30. ཀརྡོ་གཉེར་ཕྱག་པ་ says:
    2012-10-07 at 11:57 pm

    ༢༥༽ BONPO ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༧ གི་ཆུ་ཚོད་ ༢༡ སྐར་མ་ ༢༥

    ཀརྡོ་གཉེར་ཕྱག་པ་ཟེར་བ་འདི་ཁ་བརྡ་དྲྭ་བའི་ནང་དུ་བོད་རིགས་ནང་ཁུལ་ཕུ་དཀྲུགས་མདོ་དཀྲུགས་བྱེད་མཁན་གྱི་ཨང་རིམ་དང་པོའི་གྲས་ཀྱི་གཟེངས་རྟགས་ལེན་དུ་ཡོང་བ་ཡིན་པ་འདྲ། ཁོས་བན་དེ་ཚང་ལ་ཤ་ཞེན་ཆེ་མདོག་གིས་བོན་པོ་རྣམས་རྒྱ་དམར་དང་དོད་རྒྱལ་བའི་གྲས་སུ་འཇོག་རྩིས་བྱེད་ཀྱི་འདུག་ག། ཀརྡོ་གཉེར་ཕྱག་པ་ད་ཁྱོད་ཀྱི་ཁ་བདག་མེད་དེ་ཚོད་བཟུང་ན་དགའ། ཁྱོད་ཀྱིས་ཁ་ཆེ་ཚོ་ལ་འདི་འདྲ་ཞིག་ལོབ་དང་སང་ཉིན་ཁྱོད་དང་ཁྱོད་ཀྱི་ཆོས་ལུགས་པ་ཚོ་ག་བ་སླེབས་ཤེས་ཡོང་། ང་ཚོ་བོད་རང་སའི་བོན་པོ་ཚོ་ལ་ཐུབ་ཚོད་དང་མཐོང་ཆུང་བྱེད་ལ་ལ་བྱེད་པའི་ལམ་ལུགས་དེའི་རྗེས་འཛིན་ཁྱོད་ཀྱིས་མུ་འཐུད་ནས་སྐྱོང་འདོད་ཡོད་དམ། ཉི་འོད་གྲོངས་ཀྱི་མཆན་བཅུ་པ་དེ་ཀརྡོ་གཉེར་ཕྱག་པའི་མཆན་དགུ་པའི་རྗེས་སུ་བྲིས་པ་ཞིག་རེད་འདུག། དེ་འདྲ་ཡིན་དུས་ཀརྡོ་གཉེར་ཕྱག་པའི་མཆན་བཅོ་བརྒྱད་པ་དེའི་ནང་དུ་ཉི་འོད་གྲོངས་ཀྱིས་བཤད་པ་རྒྱུ་མཚན་དུ་བཟུང་ནས་ཁྱོད་ཀྱིས་དེ་ལྟར་བཤད་པ་ཡིན་ཟེར་བ་དེ་ནི་རྐུབ་གད་མོ་ཤོར་བྱེད་ཀྱི་སྐད་ཆ་མ་རེད་བས། རྩ་བའི་ཆ་ནས་མཆན་འབྲི་མཁན་ཉི་འོད་གྲོངས་ལགས་བོན་པོ་གཅིག་ཡིན་པའི་དཔང་རྟགས་ཁྱོད་ལ་འཇོག་རྒྱུ་ཡོད་དམ། བསམ་གཏན་ཡག་པོ་སྒོམ་ནས་བཞུགས་ན་ཡག་ས་རེད་ད་ཀརྡོ་གཉེར་ཕྱག་པ་ལགས། ད་རེས་གླེང་སློང་མཁན་ཐོག་མ་དེ་ཀརྡོ་གཉེར་ཕྱག་པ་ཁྱོད་ཡིན་པས་འགན་དེ་ཆ་ཚང་ཁྱོད་ཀྱིས་འཁུར་དགོས་སོ།

  31. ཀརྡོ་གཉེར་ཕྱག་པ་ says:
    2012-10-08 at 12:17 am

    སྤྱན་རས་གཟིགས་དྲག་ཏུ་ཁྲོས་པ་བཙན་པོ་སྲོང་བཙན་བཀའ་དྲིན་ཆེ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ཛམ་གླིང་རྒྱལ་པོ་ཁྱེད་ཀྱི་བཀའ་དྲིན་དུས་ད་ལྟ་ཡང་ས་ཁྱབ་རྡོ་ཁྱབ་དེ་ལ་བཀའ་དྲིན་ཤིནད་ཏུ་ཆེ་བ་རེད།
    ཡང་རྒྱལ་པོ་ཁོང་གིས་སྤྱན་དྲངས་པའི་མཁན་ཆེན་ཞི་བ་འཚོ་མཁྱེན་ནོ། སློབ་དཔོན་པད་འབྱུང་ཐུགས་རྗེ་ཅན་གྱིས་ཐུགས་རྗེས་གཟིགས།
    ཆོས་ཀྱི་རྒྱལ་པོ་ཁྲི་རལ་པ་ཅན་བཀྲོངས་ནས་བོད་བསིལ་བུར་སོང་བའི་རྐྱེན་ཡང་ཡོད་སྲིད་པ་རེད།

  32. ཀརྡོ་གཉེར་ཕྱག་པ་ says:
    2012-10-08 at 12:21 am

    ངས་ནོར་འཁྲུལ་འདྲ་ཤོར་ཡོད་ན་དང་། བོན་རིགས་ཁག་ཅིག་ལ། ཁ་ཕོག་སྣ་ཕོག་འདྲ་ཕྱིན་ཡོད་ན། དགོངས་དག་ཞུའོ། །ད་ང་ལ་འདི་ལས་ལྷག་མཆན་འདེབས་ཁོམ་མེད་དོ། བཞུགས་གདན་འཇགས་དགོས།

  33. ལེགས་བཤད། says:
    2012-10-08 at 12:37 am

    བོད་ཀྱི་ཆོས་དད་པས་མི་མི་གསོད་པ་དང་རྐུ་མི་བྱེད་པ། བཙན་འཕྲོག་མི་བྱེད་པ་ཡིན་སྟབས་མི་མ་རེད་ཟེར་མཁན་ཁྱེད་ཚོ་རེད། རྒྱ་མི་མ་རེད། ཁྱོད་ཚོས་བོད་ལ་ནོར་འཁྲུལ་ཡོད་པ་མ་གཏོགས་རྒྱ་ལ་ནོར་འཁྲུལ་ཡོད་པ་མི་བཤད་པ་ནི་ཉེ་རིང་ཆགས་སྡང་ལས་གྲོལ་བའི་ཆེད་དུ་ཡིན་རྒྱུ་རེད།

  34. ལེགས་བཤད། says:
    2012-10-08 at 12:49 am

    གོང་རྗེ་དཀར་པོ་ལགས། གནས་ལུགས་དང་རྒྱུ་མཚན་བཤད་ན་ཕྱོགས་ཡོངས་ལ་བལྟས་ནས་ཤོད།

  35. མེ་ཏོག་དཀར་པོ། says:
    2012-10-08 at 3:50 am

    ཡང་བན་བོན་སྐོར་བཤད་འདུག ངས་གཅིག་བཤད་ན་ཚ་དྲག་ཡོང་། སྔར་བཤད་རེས་བྱས་ནས་དཔྱོད་ལྡན་ལ་སྟོད་བུ་ཁ་བརྡ་ནས་ཕེབས་དགོས་ཐུག་སོང་། ཕྱིས་སུ་འགྱོད་པ་ཡང་སྐྱེས་སོང་།

  36. ཨ་ནུ་ཐང་བསོད་ནམས says:
    2012-10-08 at 4:09 am

    རྩོད་པ་དང་དམག་འཁྲུག་ནི་དུས་སྟུན་གྱིས་ཡོད་ཅིང་ཡུལ་ལུང་གང་དུ་ཕྱིན་ཡང་དེ་ལྟར་རེད། དེ་ནི་བོད་པ་གཅིག་བུ་མ་རེད། མ་ཤི་བར་དུ་རྩོད་པ་ཡིན་ལ་ལུས་ཕུང་མ་འགྱེད་བར་དུ་འགྲན་རྩོད་ཡིན། ང་ཚོས་ཅི་ལྟར་འགྲན་རྩོད་ལས་ཨ་ཐང་ཆད་ནས་རབ་ཏུ་བྱུང་ཡང་འགྲན་རྩོད་སྔ་བཞིན་ཡོད། འགྲན་རྩོད་ནི་མིའི་འཚོ་བའི་གྲུབ་ཆ་ཡིན་ཏེ་འགྲན་རྩོད་མེད་པར་དགའ་དགའ་དུང་དུང་གིས་མི་ཞིག་ལ་རིན་ཐང་སྤྲད་ག་ལ་ཐུབ། མི་ཐུབ་སྟེ། འགྲན་རྩོད་ལས་བློ་རིག་དང་ཐབས་ཤེས་སོགས་ཅི་འདོད་དུ་བྱུང་ཞིང་འཇོན་ཐང་དང་ནུས་བ་ཐོན་ཏེ་མི་ལ་བཟང་ངན་གྱི་དབྱེ་བ་ཤོར་བ་རེད། མི་ཞིག་འུ་མ་ཐུག་ན་བཟང་ངན་གྱི་དབྱེ་བ་ཡོད་པ་ཁས་ལེན་བྱེད་པའི་གནས་མེད་དེ། དོན་མེད་དུ་གཞན་ཞིག་རང་གི་སྒང་དུ་འཇོག་པ་སུས་ཀྱང་འདོད་མོས་མེད། ཡིན་ཏེ། མི་ཚང་མར་རང་ཉིད་ལས་གལ་ཆེ་བ་ཞིག་མེད་པས་རེད།

  37. ཨ་ནུ་ཐང་བསོད་ནམས says:
    2012-10-08 at 6:59 am

    རང་འདོད་མོས་བ་མཐུན་ན་ཡ་རབས་དང་།།
    རང་གི་ལྟ་ཚུལ་འགལ་ཚེ་ཞི་དགྲ་རེད།།
    མི་རིགས་གཅིག་ལ་དབྱེ་བ་མང་བ་འདི།།
    ཆོས་ཞེན་མཁན་པོ་སེམས་ཀྱི་རང་གཤིས་རེད།།
    གང་དུ་ཆོས་ཞེན་ཆེ་ན་བཟང་ངན་མང་།།
    བཟང་ངན་དབྱེ་བ་འབྱེད་པའི་གཙང་རྩོག་རྒོད།།
    གཙང་རྩོག་ལས་ཀྱིས་མི་རིགས་དབྱེ་འབྱེད་པས།།
    དབྱེ་འབྱེད་བྱ་བ་རྒྱལ་སྤྱིའི་ཁྲིམས་འགལ་རེད།།
    ཧིན་རྡིའི་མི་ཡིས་ཧིན་ཆོས་སྲོག་ཏུ་བཀུར།།
    བོན་ཞེན་མཁན་པོ་བོན་ཆོས་དེ་ལྟར་རེད།།
    ནང་པའི་མི་ལ་སངས་བསྟན་མཆོག་ཡིན་པས།།
    བཟང་ངན་དབྱེ་བའི་འདུ་ཤེས་ཅི་ལྟར་འབྱེད།།
    ཆོས་ཆེད་ཕུ་ནུ་གསོད་པའི་བཏང་ཕོད་ཅན།།
    ཆོས་ཀྱིས་བཟི་བ་ཅི་ཡང་མི་འཚོར་བས།།
    འཚོར་མེད་ཕྱོགས་གཅིག་མཐོང་བའི་ནད་ཅན་ལ།།
    རྩོད་དུ་འགྱེད་པ་ཁྱོ་ཤི་ང་གསོན་རེད།།
    ཆོས་ཆེད་མཛའ་གྲོགས་གཡུག་པའི་བློ་ཁོག་ཅན།།
    བླ་མའི་བཀའ་ཡིས་མཛུབ་མོ་ཤར་བསྟན་རེད།།
    ཤར་བསྟན་གདོན་གྱིས་ཟིན་པའི་བྲན་གཡོག་རྣམས།།
    རང་དབང་ལས་ལ་འཇུག་པའི་གཤེད་མ་མཐོང་།།
    ཆོས་ལུགས་ཚེ་སྲོག་འདོད་པའི་གྲུབ་མཐའ་དང་།།
    ཆོས་དེ་ཆ་རྐྱེན་འདོད་པའི་གཞུང་ལུགས་གཉིས།།
    ཁྱི་ལུག་གཅིག་ཏུ་མཐུན་པའི་ཟས་རིགས་བཞིན།།
    རྩོད་པའི་མཐའ་མ་རང་སོར་གནས་ན་ལེགས།།
    ཆོས་ཞེན་མཁན་པོས་རྡོ་གདན་དག་ཞིང་འདོད།།
    བོན་ཞེན་མི་ལ་ཞང་ཞུང་ལྷ་གནས་རེད།།
    ཚ་གྲང་དཀའ་སྡུག་མྱོང་སའི་ཞིང་ཁམས་ཏེ།།
    ངོས་སུ་མཐོང་ན་མི་ཡུལ་དམྱལ་གནས་ཉིད།།
    སྔོན་བྱུང་བོད་མིས་རྒྱ་གར་འཕགས་ཡུལ་འདོད།།
    རྒྱ་གར་དམ་པས་ཏི་སེ་ལྷ་ཕྲང་ལྟ།།
    འདོད་ཞེན་སེམས་ཀྱིས་བཏགས་པའི་དག་སྣང་གཉིས།།
    དཔྱོད་ལྡན་མཁས་བས་ཡིད་རྟོན་བྱེད་པ་དཀའ།།
    དག་དང་མ་དག་སེམས་ཀྱི་སྣང་ངོ་རེད།།
    སྣང་བ་བདེན་རྫུན་རིག་པས་དཔྱད་ནས་ཤེས།།
    དཔྱད་ཞིབ་མྱོང་བ་མེད་པའི་དག་སྣང་དེ།།
    རྩ་བ་དེད་ན་རང་ཉིད་བསླུ་བྱེད་རེད།།
    ཆུ་ཡི་འདོད་བདེ་ཉ་ཡིས་མྱོང་ནས་ཤེས།།
    རྩྭ་ཡི་བྲོ་མཆོག་གཡང་དཀར་ལུག་གིས་མྱོང་།།
    ཉ་ལུག་བདེ་བའི་མྱོང་འཚོར་བདེན་རྫུན་དེ།།
    ཅི་ཙམ་རྩོད་ཀྱང་ཕ་མཐའ་མེད་པ་རྟོགས།།
    ཆང་རྗེས་ར་མ་གསོད་པའི་གཏམ་རྒྱུད་དང་།།
    ཞང་ཞུང་ཧི་རྒྱུད་དབང་བའི་ལྷ་སྒྲུང་གཉིས།།
    རྐུན་རྒྱབ་རྫུན་གྱིས་གནན་པའི་གཞུང་ལུགས་ཏེ།།
    གཟུར་གནས་མཁས་བའི་བཞད་འཛུམ་ངོམས་པ་དཀའ།།
    བདེན་དང་མི་བདེན་རང་གི་མྱོང་བྱ་རེད།།
    མྱོང་དང་མི་མྱོང་སེམས་ཀྱི་འཚོར་བ་རེད།།
    འཚོར་བ་ནད་ཀྱིས་ཞུགས་པའི་གང་ཟག་དེས།།
    ཅི་ཙམ་མྱོང་ཡང་བདེན་དོན་འབྱེད་པ་དཀའ།།
    མི་ཚེ་ནད་ཀྱིས་ཟིན་པ་བློ་ཕམ་རེད།།
    བློ་ཕམ་རྩ་བ་དེད་ན་ཆོས་ལུགས་རེད།།
    ཆོས་ཀྱིས་མྱོས་བའི་སྐྱེས་བོའི་རྣམ་ཤེས་ཅན།།
    ཡུལ་གྲུ་གང་དུ་ཕྱིན་ཡང་བློ་ཕམ་རེད།།
    མི་ལ་ཆོས་འཛིན་ཆེ་ན་རང་མཐོང་ཆེ།།
    རང་མཐོང་རྩ་བ་དེད་ན་མཁྲེགས་འཛིན་རེད།།
    མཁྲེགས་འཛིན་མི་ཡིས་སེམས་ཀྱི་འཁྱེར་སོ་ཀུན།།
    ཞིབ་ཏུ་ལྟས་ན་འཇིག་རྟེན་བཀག་རྡོ་རེད།།
    མི་ལ་ཆོས་འཛིན་ཆེ་ན་མཆོག་དམན་ཆེ།།
    མཆོག་དམན་ཕུགས་སུ་དེད་ན་ཕྱོགས་ཞེན་རེད།།
    ཕྱོགས་ལྷུང་སྒྲོག་གིས་བཅིང་བའི་མི་མང་རྣམས།།
    འཇིག་རྟེན་མཛེས་བ་མཐོང་བའི་བློ་མིག་དཀོན།།
    རྟགས་མཐའི་ཆོས་ནད་ཟིན་པའི་ནད་པ་རྣམས།།
    བདུད་རྩི་སྨན་གྱིས་ཕན་མེད་རྟོགས་ཟིན་ཡང་།།
    དུང་སེམས་སྙིང་རྗེ་གྲོགས་ཀྱིས་སྐུལ་བྱས་བས།།
    ཚུལ་གསུམ་རྟགས་ཀྱི་བྱིན་བརླབས་འཇུག་པ་ཤོག།

  38. ཀོང་རྗེ་དཀར་པོ། says:
    2012-10-08 at 7:50 am

    སྤྱིར་བོད་ཀྱི་ཆོས་དང་རིག་གཞུང་དང་བྱེ་བྲག་ཏུ་ཆོས་བྱེད་མི་སྣ་བླ་མ་གྲྭ་པ་སྲུང་སྐྱོབ་ཆེད་དུ་ཟིང་འཁྲུག་གི་དུས་ཟིང་ནང་དུ་རྒྱ་དམག་མང་པོ་བསད་མྱོང་རབས་སྔར་དུས་སྐབས་དེར་དངོས་སུ་བརྒྱུད་མྱོང་བའི་རྒན་རབས་རྣམ་པའི་ངག་ནས་ཤོད་བཞིན་འདུག་པ་ལགས་ན། འོ་ན་འདི་དག་ཆོས་ལ་དད་པ་མེད་མཁན་གྲས་སུ་བརྩི་རྒྱུ་ཡིན་དེ་ཡིན་ན་ཨ་ཙ་མ་་་་་ཁོ་ཚོས་རང་གི་ཚེ་སྲོག་བོད་ཀྱི་ཆོས་དང་རིག་གཞུང་གི་ཆེད་དུ་འབེན་ལ་བཞག་སྟེ་འཇོན་ནུས་གང་ཐུབ་ཀྱིས་ཆེས་དཀའ་ཚེགས་ཀྱི་འགག་འཕྲང་དོག་པོར་བརྒྱུད་ནས་བཙན་འཛུལ་བ་འགོག་རྒོལ་བྱས་ཀྱང་ད་ཆར་རང་རིགས་ཀྱི་ཁྲོད་ནས་དྲིན་བཟོ་དང་ངོ་སོ་བསྟོད་རྒྱུ་ཕར་ཞོག་ཆོས་ལ་མི་དགའ་བ་གུང་ཁྲན་རིང་ལུགས་ལྟར་བརྩི་ན་ཁོང་ཚོའི་སེམས་པ་ལ་ཅི་འདྲའི་སྐྱོ་གདུང་ལྗིད་མོ་ཞིག་གིས་མནར་བ་དེ་སུས་ཀྱང་མ་བཤད་ཀྱང་རྟོགས་སླ། གནས་ཚུལ་འདི་འདྲའི་འོག་ནས་ཕུགས་འདུན་ཆིག་སྒྲིལ་དེ་ཉིད་མངོན་དུ་འགྱུར་རྒྱུ་ནི་རྨི་ལམ་མམ་ཡང་ན་བྱིས་ངོར་འཇའ་ཚོན་ལྟར་དུ་འགྱུར་ལ་ཉེ་བའི་ལྟས་ཤིག་རེད་ཨང་། ཁོ་ཚོ་ལ་གནས་སྐབས་རྐྱེན་དབང་གིས་གནས་ཚུལ་དེ་འདྲ་བྱུང་ཡང་ཁོང་ཚོ་ཆོས་བྱེད་མི་སྣ་མ་རེད་ཅེས་ཚིག་ཐག་ཆོད་པོས་བཤད་ཀྱང་དོན་དངོས་དང་མི་འགྲིག་པ་སྟེ་ཁོ་ཚོས་ནང་ནུབ་སོགས་དུས་ཁོམ་དང་བསྟུན་ཏེ་གང་ཐུབ་སྐྱབས་འགྲོ་དང་ཕྱག་བསྐོར་སྙིང་པོ་བཟླས་བརྗོད་དང་བཤེས་གཉེན་ག་གེ་མོའི་དྲུང་ནས་དབང་ལུང་མན་ངག་སོགས་གང་ཐུབ་ཞུས་དང་ཞུ་བཞིན་འདུག་པས་སོ། ཕྱོགས་ཡོངས་ནས་མཐོང་བ་དཀའ་ཡང་འདི་ནི་དོན་དངོས་དང་མཐུན་པ་ཞིག་གོ །

  39. རིག་པའི་བུ says:
    2012-10-08 at 9:24 am

    མཐུན་སྒྲིལ་ཟེར་ཡ་དེ་འགོ་ནས་སྲུང་དགོས་བ་རེད་མ་གཏོགས་འཇུག་ནས་ཡོང་སྟངས་ཡོད་མེད། དེ་བརྟེན་ཆོས་སྲིད་ཀྱི་གནད་ཡོད་མི་སྣ་ཚོས་གཟབ་གལ་ཆེ།

  40. ཨུ༌རྒྱན༌རིག༌འཛིན། says:
    2012-10-08 at 11:23 am

    བོད་མི་ཚང་མས་ཆོས་ལུགས་ལ་ཞེན་ཆགས་ཆེ་པོ་བྱེད་ཀྱི་འདུག་དེ་ནོར་འཁྲུལ་ཆེ་པོ་རེད། ངས་བསམ་ན་
    ཆོས་ལུགས་གལ་ཆེ་པོ་མ་རེད་བོད་མི་ཪིགས་མཐུན་སྒྲིལ་བྱེད་རྒྱུ་དེ་གལ་ཆེན་ནང་གི་དོན་ཆེན་རེད།
    དཔེར་ན་ཨ་མེ་རི་ཀའི་དབུས་ལྷོ་རྒྱུད་ཀྱི་རྒྱལ་ཁབ་ མེ་སིས་ཀོ་ ནིས་གར་ཨ་བ་ ཀོ་ལོ་འབིས་ཡ་
    ཀུས་ཝ་ སོགས་རྒྱལ་ཁབ་མང་པོ་ལ་སྔོན་ཡོ་རོབ་་་སི་པན་རྒྱལ་ཁབ་ཀྱི་བཙན་བཟུང་བྱས་ནས་ལོ་ལྔ་བརྒྱ་
    ཙམ་ངར་བཙན་ཤོར་ནས་ཁོ་ཚོའི་སྔོ་ཨ་མེ་རི་ཀིས་མི་རིགས་དམར་པོའི་ཆོས་དང་རིག་གཞུང་སྐད་ཡིག་
    ཡང་སུ་ནུབ་། ནི་པན་ནིས་ཤུ་དང་ཡེ་ཤུས་ཆོས་ལུགས་ལ་བསྒྱུར་ཀྱང་མི་རིགས་། ཕན་ཚུན་བར་མི་རིགས་
    ཐ་དད་ཡིན་པའི་ལ་རྒྱ་ནུབ་མ་ཐུབ་ནས་མུ་མཐུད་རང་བཙན་རྩོད་ལེན་གྱི་འཐབས་རྩོད་བྱས་ནས་མཐར་
    རང་བཙན་གཙང་མ་ཆགས་པ་རེད། ད་ལྟ་ཨ་མེ་རི་ཀིས་ས་ཆ་ ཀ་ལིས་ཕོ་ཉ་ ཏག་མི་ལིག་པ་ སིས་ན་ཀླུ་བ་
    མོན་ཏི་རས་ སོགས་ས་ཆ་གང་མང་ཞིག་གནའ་བོའི་ཡུལ་སྐད་དུ་ཆགས་ནས་ད་ལྟ་དེས་དོན་ཧ་མ་གོ་བར་ཆགས་ཡོད། ང་ཚོ་ཡང་དེ་ལྟར་མི་ཡོང་བའི་ངེས་པ་མེད། དེར་རྟེན་ཆོས་ལུགས་ལ་ཞེན་ཁོག་སྤངས་ནས་
    མི་རིགས་མཐུན་སྒྲིལ་གྱིས། ང་ཚོས་ལོ་རྒྱུས་ཐོག་ཆེས་ཉེས་ཅན་པ་ཞིག་ཡོད་པ་དེ་ནི་ལྷ་ལུང་དཔལ་གྱི་རྡོར་
    རྗེ་རེད། ཆོས་ལ་ཞེན་ནས་རྒྱལ་པོ་བསད་བོད་སེལ་བུར་འཐོར་བ་རེད། ཕྱིན་སུ་སྤུན་གྲོགས་ཚོས་དེ་འདྲ་
    མ་བྱེད་ཞུ་རྒྱུ་ཡིན།

  41. མེ་ཏོག་དཀར་པོ། says:
    2012-10-08 at 1:00 pm

    ལྷ་ལུང་དཔལ་གྱི་རྡོ་རྗེ་མཁྱེན།
    ཕན་མ་ཐོགས་ན་ཁ་ནང་གི་སོ་ཡང་ཕུད་རྒྱུ་རེད། བཙད་པོ་འུ་དུམ་པས་ཡབ་མེས་ཀྱིས་རྒྱུ་རྫས་དང་དུས་ཚོད་མང་པོ་བཏང་ནས་བསྐྲུན་པའི་རང་གཞུང་རྨང་ནས་བཤིག་པའི་ཉེས་པར་རང་གི་ཚེ་སྲོག་གཏོང་དགོས་ཐུག་སོང་བ་རེད། གལ་ཏར་བཙད་པོ་དེས་གང་འདོད་བྱེད་བཅུག་ཡོད་ན་བོད་ཟེར་བ་ཞིག་སྔ་མོ་སྔ་མོ་ནས་འཛམ་གླིང་སྟེང་ནས་ཡལ་ཟིན་པར་ངེས།

  42. འབའ་གནས། says:
    2012-10-08 at 5:22 pm

    ༢༢༽ཨ་རོ་་་་ལེགས་བཤད་ལགས
    སྤྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༧ གི་ཆུ་ཚོད་ ༢༠ སྐར་མ་ ༣༩
    སྐྱབས་མགོན་མོའུ་ཀྲོ་ཤུའི་གསུངས་བ་བདེན་པ་རེད་
    ངས་ཀྱང་ང་རང་གི་བསམ་བློའི་ཁྱེར་སྟངས་ཀྱི་སྒང་ནས་བཤད་ཀྱིན་ཡོད། གལ་ཏེ་སྒང་གི་མཆན་འདེབས་མཁན་ཚང་མ་ཁང་མིག་གཅིག་གི་ནང་ཡོད་པས་དབང་དུ་བཏང་ན་མ་མཐའ་ཡང་མི་བཅུ་གྲངས་ཞིག་ཤི་ཡོད་ཀྱི་རེད་བསམ་གིས་། དེ་འདྲ་ཡིན་ཙང་་་་་

  43. ལོག་སྨྲ་ཚར་གཅོད། says:
    2012-10-09 at 7:15 am

    བོད་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་རང་གི་འདོད་ཕྱོགས་དང་ཆགས་སྡང་འཁྱོག་བཤད་ཀྱི་དྲི་མས་མ་སྒྲིབ་སྟེ་ལོ་རྒྱུས་རིག་པའི་གཞུང་ལུགས་དང་མཐུན་པའི་ཞིབ་འཇུག་རྣལ་མས་འདས་ཟིན་པའི་བྱུང་བའི་རང་བཞིན་སོར་གནས་བརྗོད་རྒྱུ་ནི་ལོ་རྒྱུས་སྨྲ་བ་རྣམས་ཀྱི་ལྡོག་ཏུ་མེད་པའི་འགན་འཁྲི་དོན་པོ་དེ་ཡིན། ལྟ་བར་མི་མཐུན་པ་དུ་མ་དང་རྩོད་པ་ཡང་རང་རང་གིས་རྣམ་དཔྱོད་དང་རིགས་ལམ་གྱིས་བློ་ངོར་གྲུབ་པའི་མཐའ་མི་འདྲ་གང་ཡང་ཡོང་ཆོག་པ་ཞིག་རེད། འོན་ཀྱང་ལོ་རྒྱུས་ནི་གང་བྱུང་ཟིན་པ་རྣམས་ཡིན་པས་དེ་ལ་གཅིག་རང་ལས་མེད་ལ་རྣམ་དཔྱོད་མི་འདྲ་བ་དང་རིགས་ལམ་ཕྲ་མོས་མི་མཐུན་པ་འགྲེལ་ཁུལ་བྱས་པ་ནི་ལོ་རྒྱུས་སྨྲ་བའི་ཁྲིམས་དང་འགལ་བ་ཞིག་ཡིན་པ་ཤེས་དགོས།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme