ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༣ ཉིན་རང་ལུས་མེར་སྲེག་གིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་གནང་མཁན་རྒྱལ་གཅེས་དཔའ་བོ་བཀྲ་ཤིས་ལགས་རྔ་པ་བོད་རིགས་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་ནས་ཕྱི་ཚེས་ ༡༤ ཉིན་འདས་གྲོངས་སུ་གྱུར་ཡོད་ཀྱང་ཁོང་གི་སྐུ་ཕུང་ནང་མིར་སྤྲད་ཡོད་མེད་གསལ་པོ་ཤེས་རྟོགས་མ་བྱུང་། རྒྱལ་གཅེས་དཔའ་བོ་གཉིས་ཀྱིས་ཕྱི་ཚེས་ ༡༣ ཉིན་རང་ལུས་མེར་སྲེག་བཏང་བར་བརྟེན་ཤུལ་ལུས་ནང་མི་དང་བཅས་པར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ཕྱི་ཚེས་ ༡༤ ཉིན་རྔ་པའི་རྫོང་མཁར་གྱི་བོད་པའི་ཟ་ཁང་དང་ཚོང་ཁང་ཚང་མ་སྒོ་རྒྱབ་སྟེ་རྔ་པ་མི་མང་གིས་དགོན་པ་ཁག་ལ་བསྔོ་བསྟེན་ཕུལ་བ་དང་སྐོར་ར། ཕྱག་མཆོད་འབུལ་སོགས་བྱས་ཏེ་རྣམ་པ་སྟོན་གང་ཐུབ་བྱས་ཡོད་འདུག
ཕྱི་ཚེས་ ༡༣ ཉིན་གྱི་དོན་རྐྱེན་རྗེས་སུ་རྔ་པ་ཀིརྟི་དགོན་པའི་དགེ་བསྐོས་དང་ཆོས་ལུགས་དོ་དམ་ཁང་གི་འགན་འཛིན་སོགས་དགོན་པའི་ལས་སྣེ་ཁག་ཅིག་རྫོང་སྲིད་གཞུང་དུ་ཐེངས་ཁ་ཤས་ལ་འབོད་འགུག་གིས་ཚོགས་འདུ་སྐོང་ཡོད་འདུག
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་ ༢༠༡༢ ཟླ་ ཚེས་ ༡༥ ལ།
གསལ་བཤད།
དཔར་འདི་དག་ནི་ཟླ་ ༨ ཚེས་ ༡༣ ཉིན་ལུང་རྟོགས་དང་བཀྲ་ཤིས་གཉིས་ཀྱིས་རང་ལུས་མེར་སྲེག་གཏོང་སྐབས་ཀྱི་པར་ཡིན་པ་དང་།
མི་གཉིས་ཀྱིས་ལྡེམ་ནས་འགྲོ་བཞིན་པ་དེ་མེས་ཚིག་པའི་བཀྲ་ཤིས་ཀྱི་སྐུ་ཕུང་ཡིན་པ་རེད།
རྒྱལ་གཅེས་དཔའ་བོ་བཀྲ་ཤིས་ལགས་སྐུ་གྲོངས་པར་མྱ་ངན་གུས་འདུད་ཞུ། ཁོང་གི་མངོན་འདོད་དེ་ང་ཚོ་
ཤུལ་ལུས་བོད་ཕྲུག་ཚོས་ངེས་པར་བསྒྲུབ་ཐུབ་པ་བྱ་རྒྱུ་ཡིན། ཐུགས་བློ་བདེ་བོར་ཕེབས་རོགས།
ཀྱེ་མ་ཀྱེ་ཧུད་ཡིད་སེམས་སྐྱོ་བ་ལ། །
བོད་མིའི་གཙུག་གི་ནོར་བུ་༧རྒྱལ་བའི་དབང་། །
སྐུ་ཚེ་ཕལ་ཆེར་མི་ཡི་ལུང་བར་བསྐྱལ། །
པཎ་ཆེན་གོང་མ་ཕ་རོལ་དུག་གིས་བཀྲོངས། །
ཡང་སྲིད་འདི་ཡང་ཁྲི་མུན་ནང་དུ་བཅུག །
སྟག་ཕྲུག་ལྟ་བུ་དཔའ་བོ་དཔའ་མོའི་ཚོགས། །
མེ་ལྕེའི་ཀློང་ནས་རེ་རེ་བྱས་ནས་ཡལ། །
སྙིང་མེད་སྡར་མ་བདག་དང་བདག་འདྲ་རྣམས། །
མི་རིགས་འདི་ཡི་ཤུལ་འཛིན་བྱ་དགོས་བྱུང་། །
འདི་ཉིད་བསམས་ན་སེམས་པ་གཏིང་ནས་སྐྱོ། །