Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འདི་གསུང་མཁན་སུ་ཡིན་ཤེས་སམ།

Posted on 2010-08-152010-08-15 By ཁ་བརྡ་ 14 Comments on འདི་གསུང་མཁན་སུ་ཡིན་ཤེས་སམ།

12སྐྱོ་བྲག་དགའ་དབང་།

༄༅། །ཨོཾ་མ་ཎི་པདྨེ་ཧཱུྃ། གླུ་ཨ་ལ་ཨ་ལ་ཨ་ལ་རེད། །ཐ་ལ་ཐ་ལ་ཐ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །ཐ་ལ་ངག་གི་བཀུག་ལུགས་རེད། །སྐྱབས་བསླུ་མེད་དཀོན་མཆོག་རྣམ་གསུམ་དང་། །མགོན་གངས་ཅན་ལྷ་གཅིག་སྤྱན་རས་གཟིགས། །མི་བདག་གི་སྤྱི་བོའི་གཙུག་ན་བཞུགས། །འབྲལ་མེད་ཐུགས་རྗེས་གཟིགས་སུ་གསོལ། །ས་འདིའི་ས་ངོ་མ་ཤེས་ན། །གནས་ཉེ་བའི་ཞིང་ཁམས་ཀ་ལི་སྤུངས། །ནོར་རིན་ཆེན་ཟོང་དུ་བཀྲམ་པའི་གླིང་། །རྒྱ་བོད་ཧོར་གསུམ་འདུ་ས་རེད། །མི་ང་འདྲ་ང་ངོ་མ་ཤེས་ན། །གླིང་གེ་སར་རྒྱལ་པོ་འཁྲུངས་པའི་ཡུལ། །སྨད་མདོ་ཁམས་འབྲི་ཟླ་ཟལ་མོ་སྒང་། །བདེ་སྐྱིད་ལྷ་ལ་འགྲིན་པའི་གནས། །ས་ཏྲེ་ཤོད་མཐིལ་དུ་སྐྱེས་པའི་བུ། །ཚེ་སྟོད་སྡིག་པའི་ལས་མང་བསགས། །ཚོང་དང་གཡོ་སྒྱུའི་སྐོར་མགོ་བཙུགས། །འོན་ཀྱང་སྔ་མའི་ལས་འཕྲོ་ཡིས། །ས་རྒྱ་གར་འབར་མའི་ཡུལ་དུ་ཕྱིན། །ཚེ་འདི་ལ་དམ་ཆོས་མ་འགྲུབ་ན། །དལ་འབྱོར་སྟོང་ཟད་འགྲོ་འདུག་བསམ། །འདྲེ་འཆི་བདག་བདུད་པོ་རྔམས་བརྗིད་ཅན། །ཁོས་ནམ་ཞིག་ཛར་གྱིས་བཟུང་ནས་སུ། །དམའ་ན་རག་དམྱལ་བའི་གནས་སུ་ཁྲིད། །སྙིང་རྗེ་མེད་པའི་གཤེད་མ་ཚོས། །བཙོ་བསྲེགས་བཅད་གཏུབ་ཡ་རེ་ང། །དེ་དུས་སྐྱབས་གཅིག་དགོས་འདུག་བསམ། །གནའ་མི་བོད་ཀྱི་གཏམ་དཔེ་ལ། །དཔྱིད་ནམ་ཟླ་ས་ཆུ་དྲོས་པའི་ཚེ། །རྒྱ་ཞིང་སོ་ནམས་མ་གཟབ་ན། །སྟོན་འབྲས་དྲུག་ཟོར་བས་གཅོད་པའི་དུས། །ཞིང་བདག་འགྱོད་པ་སྐྱེ་རབས་ཡོད། །ཚེ་ཡར་སྟོད་དབང་པོ་དར་བའི་དུས། །ལས་དཀར་པོའི་དམ་ཆོས་མ་སྒྲུབས་ན། །ཤི་དམྱལ་བའི་ཟངས་ཁ་འགྲིམ་ཉིན་མོ། །བན་ཆུང་ཆུང་འགྱོད་པ་སྐྱེ་རབས་ཡོད། །ཟེར་ཡང་ཟེར་ལ་བདེན་འདུག་བསམ། །ངས་འཁོར་བའི་བྱ་བ་རྒྱབ་ཏུ་བོར། །སངས་རྒྱས་བསྟན་པའི་སྒོར་ཞུགས་ནས། །སོ་སོར་ཐར་བའི་སྡོམ་པ་བླང། །དམ་ཆོས་འདུལ་བའི་བཅས་ཁྲིམས་རྣམས། །མ་ཉམས་མིག་འབྲས་ལྟ་བུར་སྲུང། །ལྷ་བསྒོམ་རྒྱུ་ཐུགས་རྗེ་ཆེན་པོ་ཡིན། །སྔགས་འདོན་རྒྱུ་ཡི་གེ་དྲུག་མ་ཡིན། །ཆོས་ཐེག་ཆེན་ཐེག་དམན་མདོ་དང་སྔགས། །ཀུན་ལ་ཕྱོགས་མེད་དག་སྣང་སྦྱངས། །དུས་ད་ལྟ་ཤི་ཡང་འགྱོད་མེད་ཡིན། །འཛིང་ཁ་འཚེར་ན་དཔའ་བོ་མིན། །ཤི་ཁ་འཚེར་ན་ཆོས་པ་མིན། །དེ་ཕན་ཆོད་ཡིན་ལུགས་འདྲ་མ་རེད། །ད་ཡང་དག་དོན་ལ་འབེབས་ཙ་ན། །གསོན་དང་ཞུ་རྒྱུ་འདི་འདྲ་འདུག །མགོ་གསེར་ཞྭ་ཅན་གྱི་བླ་མ་ཚོ། །རིག་དྲུག་ཆོས་ལ་བཀོད་རྩ་ན། །བརྟགས་ཤིང་དཔྱད་ཡག་མ་བྱས་ན། །དཀོར་ནག་པོ་བཙན་དུག་ཧ་ལ་རེད། །དུག་འགམ་ན་རང་སྲོག་ཕུང་ཉེན་ཡོད། །ཐོབ་ཐང་ཅན་གྱི་དཔོན་པོ་ཚོས། །ཁྲིམས་དྲང་པོའི་ཐིག་ཤིང་འདེབས་རྩ་ན། །བརྟག་ཤིང་དཔྱད་ཡག་མ་བྱས་ན། །ལྐོག་ཟས་ཟོས་པའི་ལང་ཤོར་དེས། །རྒྱལ་ཁྲིམས་རྩ་བ་ཞིག་དོག་ཡོད། །རྒྱབ་ཆོས་གོས་གྱོན་པའི་བན་ཆུང་ཚོས། །བཀའ་སྡོམ་པ་ཉམས་སུ་ལེན་རྩ་ན། །དུས་རྒྱུན་དུ་རང་སེམས་མ་བསྲུང་ན། །དགྲ་ཉོན་མོངས་གཡོ་རྒྱུའི་རང་བཞིན་དེས། །འཁོར་བའི་འདམ་དུ་འཕེན་དོག་ཡོད། །ད་རུང་འདྲ་མ་འདི་འདྲ་ཡོད། །དུས་དེང་སང་སྙིགས་མའི་ཡང་མཐའ་རེད། །མི་ཐམས་ཅད་དམར་པོའི་ཁ་རླངས་ཐེབས། །ལས་བྱ་སྤྱོད་བསམ་བློ་ཕྱིན་ཅི་ལོག །བཟང་དྲུག་སྨན་ལ་དུག་ཏུ་མཐོང། །དུག་ཧ་ལ་སྨན་དུ་རློམས་ནས་འགོམ། 21།མགོན་བཀའ་དྲིན་ཅན་གྱི་སངས་རྒྱས་ཁོང་། །མི་མངོན་དབྱིངས་སུ་བཞུགས་གྱུར་ཀྱང་། །དེའི་ཞལ་ནས་གསུངས་པའི་མདོ་དང་སྔགས། །ཐལ་རྡུལ་གྱི་ཁྲོད་དུ་དོར་ནས་སུ། །རྟག་ཆད་གཉིས་ཀྱི་མཐའ་འཛིན་པའི། །ཕྱི་རོལ་གྱི་གྲུབ་མཐའ་སྣ་ཚོགས་ལ། །བདེན་ཞེན་དང་དངོས་འཛིན་བྱེད་པའི་དུས། །ཁྱེད་བསྟན་འཛིན་སྐྱེས་རྣམས་ཅི་ཞིག་སྙམས། །ངས་བསམ་ན་འདྲ་མ་འདི་འདྲ་ཡོད། །གངས་སྟོད་འཛིན་པའི་སངྒེ་དེ། །རྒྱན་གཡུ་རལ་ལེགས་པ་ཆ་མཆིས་ཀྱང་། །བཙན་པོའི་གངས་སྟོད་མི་འཛིན་ནས། །དམའ་གྲོང་ལ་འགྲིམ་ན་ཁྱི་དང་ནོར། །སངས་རྒྱས་བསྟན་པའི་རྗེས་འཇུག་དེ། །ལུང་སྡེ་སྣོད་ཐུགས་ལ་མངའ་མོད་ཀྱང་། །ལམ་བསླབ་གསུམ་ཉམས་སུ་མི་ལེན་ན། །ལུས་རྒྱ་ཆས་གྱོན་པས་རྒྱ་དང་ནོར། །སྟོན་པ་དྲང་སྲོང་ཆེན་པོའི་དེས། །རང་ཅག་རྗེས་འཇུག་འཇུག་སྒོ་རུ། །ཞི་བསིལ་བདུད་རྩི་ལྟ་བུའི་ཆོས། །བསམ་ཡས་ཐེག་པའི་རྣམ་གྲངས་གསུང། །མདོར་བསྡུ་ན་རང་སེམས་འདུལ་བའི་ཐབས། །དོན་དུག་གསུམ་དུག་ལྔ་སྤོང་བྱེད་དང། །མཐར་མངོན་སངས་རྒྱས་པའི་རྒྱུ་རུ་ངེས། །དོན་དེས་ན་མདོ་སྔགས་གཞུང་ལུགས་ལས། །རང་རང་ཉམས་སུ་བླང་བྱའི་ཆོས། །ཕྱོགས་རིས་ཆགས་སྡང་མ་ཡིན་པའི། །འབད་པ་དྲག་པོས་ཉམས་སུ་ལེན། །ལྟ་སྤྱོད་སངས་རྒྱས་བཀའ་དང་བསྟུན། །ལས་རྒྱུ་འབྲས་རྣམ་བཞག་ཞིབ་པར་བྱ། །ཕ་མ་འགྲོ་དྲུག་སེམས་ཅན་ལ། །བྱམས་སྙིང་རྗེ་བྱང་ཆུབ་སེམས་མཆོག་བསྐྱེད། ཕྱི་རོལ་མཐའ་མིའི་ཆ་ལུགས་དང་། །ལྟ་སྤྱོད་ངན་པའི་ལད་མོ་ཙམ། །བྱས་ན་སྐྱབས་འགྲོའི་དམ་ཚིག་གི། །རྩ་བ་རུལ་བས་ཤིན་ཏུ་འཛེམས། །ཁྱད་པར་སོ་ཐར་རིས་བདུན་ལས། །རང་རང་སྡོམ་པ་གང་འབོགས་པའི། །བཅས་པའི་ཁྲིམས་དང་མི་འགལ་བར། །ཚུལ་ཁྲིམས་རྣམ་པར་དག་པ་བྱ། །དེ་བྱུང་ན་དལ་འབྱོར་མི་ལུས་འདིས། །ཚེ་གཅིག་ལ་མངོན་སངས་མ་རྒྱས་རུང། །མངོན་མཐོའི་རྟེན་བཟང་བརྒྱུད་ནས་སུ། །གཏན་བདེའི་ས་ལ་འགྲོ་བ་ཡིན། །དེ་ཨེ་གོ་འདིར་ཚོགས་གྲོགས་པོ་ཚོ། །དུས་དེང་སང་ཉམས་མཚར་ལྟད་མོ་འགའ། །མི་ངེད་ཚོས་མཐོང་ན་རྒོད་རེ་བྲོ། །ད་ཧ་ཅང་མི་ཞུ་རྩེ་མོ་ཡིན། །ཁྱེད་བོད་ཀྱི་བསྟན་འཛིན་སྐྱེས་བུ་རྣམས། །ལུས་ཆོས་གོས་གསུམ་དང་མི་འབྲལ་ཤོག །ངག་སྡེ་སྣོད་གསུམ་དང་མི་འབྲལ་ཤོག །ཐུགས་བསླབ་པ་གསུམ་དང་མི་འབྲལ་ཤོག །རྗེ་སངས་རྒྱས་ཉི་མ་དགུང་དུ་ཚེས། །དམ་ཆོས་ཟླ་བས་མུན་པ་སེལ། །དགེ་འདུན་རྒྱུ་སྐར་བཞིན་དུ་བཀྲ། །སྐྱིད་ཉི་ཟླ་སྐར་གསུམ་འཛོམ་པར་ཤོག །གླུ་གོ་ན་ཡིད་ཀྱི་དཀྱིལ་དུ་ཞོག །མ་གོ་གླུ་ལ་བསྡབས་སྐྱོར་མེད། །ཨོཾམཎི་པདྨེ་ཧཱུྃ་ཧྲཱིཿ ཞེས་གསུང་ནས་རང་གི་བསྟི་གནས་དྷརྨཱ་དི་ཡར་ཕེབས་སོང་ངོ་། །སྐྱེ་ཡུལ་ཁམས་པ། འབར་མའི་ཡུལ་དུ་ཕྱིན་ནས་དགེ་སློང་གི་མཚན་མ་ཧཱ་བཱ་ལི་ཞེས་སྐུ་བགྲེགས་སོང་ཞིག་གིས་མི་མང་པོ་འཚོགས་པའི་དཀྱིལ་དུ་ཞལ་གདམས་འདི་ནི་དེང་སང་རྒྱ་གར་ཡུལ་སྐད་ཟུར་ཆག་གི་སྒྲ་ལ་དྲང་ནས་གསུངས་པ། དོན་མ་འཛོར་བ་བོད་ཀྱི་བརྡ་དང་ཚིག་གི་སྦྱོར་བ་ཕྲན་བུ་བཅས་འཇིག་མེད་ནས་བརྡ་བསྒྱུར་བགྱིས་པའོ།། །།དགེའོ།།

གསར་འགྱུར།

Post navigation

Previous Post: ཆེས་ཐོག་མིའི་བཀའ་བློན་ཁྲི་པའི་འོས་མིར་ཐད་ཀར་བཀའ་འདྲི་དང་བགྲོ་གླེང་ཞུས་པའི་བརྙན་ཕབ་གྱི་དུམ་བུ་ཁག་གཅིག་ལ་གཟིགས་པར་ཞུ།
Next Post: འཛམ་གླིང་གི་བྱང་སྣེ་འགྲིམས་པའི་མྱོང་ཚོར་མ་དྲན་དགུ་དྲན།

Comments (14) on “འདི་གསུང་མཁན་སུ་ཡིན་ཤེས་སམ།”

  1. མེ་ཏོག་དཀར་པོ། says:
    2010-08-15 at 4:06 pm

    འདི་རྟོག་བཟོ་རེད་དང་དངོས་བྱུང་རེད། དེང་དུས་རེད་དམ་སྔར་བྱུང་རེད། མ་གསང་དྲང་པོའི་གཏམ་ལན་དགོས། གོ་ན་རྣ་བའི་བུ་རམ་གྱིས། མ་གོ་གླུ་ལ་སྐྱར་འདབ་མེད། དགའ་དབང་ཡིད་ལ་དེ་ལྟར་ཞོག །

  2. ཡིད་འོང་མ། says:
    2010-08-15 at 6:13 pm

    མ་ཧཱ་བཱ་ལི་ རེད།

  3. kalsang dorjee says:
    2010-08-15 at 9:52 pm

    please can you tell me alan dawadolma is khamba? or amdo?

  4. དཀོན་ཅོག་སྐམ་པོ། says:
    2010-08-15 at 10:15 pm

    She is Tibetan.

  5. མིའུ་ཕྲུག says:
    2010-08-15 at 10:30 pm

    xxxxxx

  6. མེ་ཆ་། says:
    2010-08-15 at 11:33 pm

    ཨ་ལན་ཟླ་བ་སྒྲོལ་མ་རྒྱ་མའི་དམག་མི་རེད་།

  7. སྐྱོ་བྲག་དགའ་དབང་། says:
    2010-08-16 at 1:25 am

    འདི་རྟོག་བཟོ་དང་དངོས་བྱུང་གང་ཡིན་ནི་མི་ཤེས། དེང་དུས་དང་སྔར་བྱུང་གང་ཡིན་ནི་མ་དཔེ་ལ་བལྟས་ན་ཤེས་རེ་འདུག །

  8. སྐྱོ་བྲག་དགའ་དབང་། says:
    2010-08-16 at 1:30 am

    སྐལ་བཟང་རྡོ་རྗེ་ལགས། ཨ་ལན་ཟླ་བ་སྒྲོན་མ། དར་རྩེ་མདོ་ཡིན་པར་བྲིས་འདུག་པས། ཁམས་པ་ཡིན་ས་རེད།

  9. མི་རྐང་གླིང་བུ། says:
    2010-08-16 at 2:00 am

    དགའ་དབང་ཁྱོད་ཀྱིས་དེ་ལས་ཀརྨ་པ་རིག་པའི་རྡོ་རྗེའི་གླུ་སྙན་མོ་ཞིག་ཡོད་པ་དེ་ཅིག་བཀོད་ཐུབ་ན་ཡག་པོ་འདུག
    འདན་ཤུགས་ར་སྐྱིད་ཀྱི་ཡར་ནང་ནས།། ཤུགས་ར་སྐྱིད་ཀྱི་མར་ནང་ནས།། འདན་ཤུགས་གཉིས་ཀྱི་ས་མཚམས་ནས།། ་་་་་་་་་་་་་་་་་་་་་་ངས་ཕ་ཡུལ་ནས་མང་པོ་ཞིག་གོ་མྱོང་ཡང་ཚིག་རིས་དེ་དག་ད་བརྗེད་སོང་། ང་དང་འདྲ་བ་མང་པོ་ཞིག་ལ་ཕན་རེ་འདུག

  10. གངས་ལྷ། says:
    2010-08-16 at 2:34 am

    བཟང་གི། སུས་སུངས་མ་ཤེས་ནའང་ཆོག དོན་དག་གོ་བས་འགྲིག་འདུག

  11. མེ་ཏོག་དཀར་པོ། says:
    2010-08-16 at 5:46 am

    འདི་རྟོག་བཟོ་ཡིན་ན་དེར་ཟད། དངོས་བྱུང་ཡིན་ན་བོད་མི་དང་འབར་མའི་བར་གྱི་འབྲེལ་བ་འདི་ཆེས་ཉུང་ཉུང་རེད། ལྷག་པར་དེང་དུས་འབར་མ་དམག་མིས་བཟུང་ཡོད་སྟབས་རྒྱ་མི་དང་འབྲེལ་བ་ཆེན་པོ་རེད། ངས་གོ་ཐོས་ལ་ལོ་ལྔ་ཙམ་སྔོན་བོད་མི་ཞིག་བོད་ནས་བྲོས་ཏེ་འབར་མར་འབྱོར་བར་འབར་གཞུང་གིས་རྒྱ་གཞུང་ལ་རྩིས་སྤྲོད་བྱས་པ་རེད་ཟེར།

    དེ་ཡིན་དུས་དངོས་བྱུང་ཡིན་ན་ལོ་རྒྱུས་དམིགས་བསལ་བ་ཞིག་རེད།

  12. སྐྱོ་བྲག་དགའ་དབང་། says:
    2010-08-16 at 7:37 am

    འདིའི་མ་དཔེའི་ཤིང་པར་དང་། བརྗོད་དོན་ལ་བལྟས་ན། ཕལ་ཆེར་རྒྱ་གར་དབྱིན་ཞབས་སུ་ཡོད་སྐབས་ལ་ཡིན་ལས་ཆེ་སྙམ་པ་ཞིག་འདུག །

  13. ཤེས་རབ་དར་རྒྱས། says:
    2010-08-16 at 8:10 am

    ཁ་བརྡ་རྩོམ་སྒྲིག་པ་རབ་གསལ་ལགས་དང་ཁ་བརྡ་ཀློག་མཁན་རྣམས་ལ་སྤྲིངས་པ།
    ཤེས་རབ་དར་རྒྱས།
    ཉེ་ལམ་ནས་ཁོ་བོ་སྟེ་ཤེས་རབ་དར་རྒྱས་ཀྱི་མིང་འབྲེལ་རྩོམ་ཡིག་འགའ་ཞིག་སྤེལ་བཞིན་ཡོད་པ་གོ་ཐོས་བྱུང་ཡང་། དེ་ཙམ་དོ་སྣང་མ་བྱས། རྒྱུ་མཚན་ནི་གནས་ཚུལ་འདི་འདྲ་བཙན་བྱོལ་སྤྱི་ཚོགས་ནང་དགའ་མ་དགའི་ཐོག་ནས་མང་པོ་ཡོང་དང་འབྱུང་བཞིན་པ་དེ་རེད། གནས་ཚུལ་གང་ལ་བསམས་ཀྱང་ཁོ་བོ་བོན་གྱི་བསྟན་པ་ལ་སྡང་དགོས་པའི་རྒྱུ་མཚན་གང་ཡང་མེད་པ་ཁོ་བོའི་ཁ་ཞེ་མཐུན་པའི་གྲོགས་པོ་རྣམས་ལ་དྲིས་དང་གསལ་བོར་ཤེས་ངེས་ཡིན། སྤྱིར་ན་གནས་ཚུལ་འདི་ལྟ་བུ་བྱུང་བ་ན་རྩོམ་སྒྲིག་པ་རབ་གསལ་ལགས་ལ་འདྲི་རྒྱུ་གལ་ཆེ་ལ། དྲིས་དང་ཁོས་རྩོམ་ཡིག་དེ་དག་གི་ཡོང་ཁུངས་གསལ་བོར་ཤེས་ངེས་ཡིན་པར་མ་ཟད། ལན་དྲང་པོར་རྒྱག་དགོས་པ་ཡང་ཁོའི་ལས་འགན་ཡིན། དེར་མ་ཟད། སྤོབས་པ་མཐའ་ཡས་ཞེས་པ་དེས་ཀྱང་རང་ཉིད་ཀྱི་མིང་དངོས་སྨོས་ཏེ་སུ་ཡིན་མིན་གསལ་འདོན་བྱེད་མི་ཐུབ་ཀྱང་མི་ལ་ཁག་ངན་དཀྲིས་དུས། ཤེས་རབ་དར་རྒྱས་དང་སྤོབས་པ་མཐའ་ཡས་གཉིས་མི་གཅིག་ཡིན་མིན་ཙམ་ཞིག་མ་མཐར་ཡང་གསལ་བཤད་བྱེད་དགོས་པ་རེད། བོན་བསྟན་ལ་ཞེན་པ་དཀར་བའི་གྲོགས་པོ་རྣམས་ལ་སླར་ཡང་ཞུ་རྒྱུར། ཁོ་བོ་ཤེས་རབ་དར་རྒྱས་རྡ་སར་འཛིན་གྲྭ་ལྟ་བུ་ཞིག་ལ་སློབ་ཁྲིད་བྱས་ཏེ་བསྡད་ཡོད་ལ། སློབ་ཚན་གྲ་སྒྲིག་དང་དཔེ་ཀློག་ཕྲན་བུ་རེ་ལ་མགོ་འཁོར་ཏེ་དྲ་རྒྱ་སོགས་ཀློག་ཙམ་ཡང་མ་བྱས་པར་དུས་རིང་འགོར་སོང་། མཐའ་བསྡོམས། སྤོབས་པ་མཐའ་ཡས་ཟེར་བ་དེ་ཁོ་བོ་ཤེས་རབ་དར་རྒྱས་མིན་ལ། ཁོ་བོ་ཤེས་རབ་དར་རྒྱས་གཞན་གྱིས་རྩོམ་སྐུལ་མ་བྱས་ན་རྩོམ་ཡིག་རང་འགུལ་གྱིས་སྤེལ་བའི་འདུན་པ་ཡང་མེད་པར་གྱུར་ཡོད། མ་གཞི་ནས་ཁོ་བོས་ཡག་པོ་ཞིག་འབྲི་ཡང་མི་ཤེས། གལ་ཏེ་བྲིས་པའི་དབང་དུ་བཏང་ན། བོད་ཡིག་ཀློག་མཁན་ལ་སྤྲོ་སྣང་ཕྲན་བུ་ཡིན་ཡང་སྤྲོད་ཨེ་ཐུབ་ཀྱི་རེ་བ་བྱེད་མཁན་ཞིག་དང་ཤུགས་རྒྱག་མཁན་ཞིག་ཡིན་སྙམ་ཡོད། འདི་ནི་དགོས་དབང་གིས་འབྲི་དགོས་བྱུང་སོང་ལ། རྩོམ་སྒྲིག་པས་ཀྱང་དྲ་ཐོག་ཏུ་འགོད་པའི་རེ་བ་ཡོད་པར་མ་ཟད། སྤོབས་པ་མཐའ་ཡས་ཟེར་བའི་རྩོམ་ཡིག་གི་ཡོང་ཁུངས་ཀྱང་གསལ་བཤད་བྱ་དགོས་ངེས་རེད། ནན་ཏན་གྱིས་ཞུ་རྒྱུ་ཞིག་ལ། གསལ་བཤད་འདིས་བོན་བསྟན་ལ་ཞེན་པ་དཀར་བ་དག་གི་ཐུགས་དོགས་གཙང་བསལ་ཐུབ་པའི་རེ་བ་ཡོད་ཅིང་། ཁོ་བོ་རྩོད་པ་རྩོད་ལན་ལ་མགོ་འཁོར་མེད་པའང་མཁྱེན་འཚལ།

  14. དོལ་སྨྱོན། says:
    2010-08-16 at 11:40 am

    རྩོམ་ཡིག་འདི་མཐོང་དུས་ ང་རང་ཆུང་དུས་ཕྱུགས་རྫིའི་ཞོར་དུ་ གླིང་གེ་སར་རྒྱལ་པོའི་སྒྲུང་གཏམ་བཀླགས་པ་དྲན་གྱི་འདུག།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ། (70)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme