གྲིབ་གཟུགས།
དུས་ཚོད།
གཞུང་ལམ་ནས་རླངས་འཁོར་ཞིག་ཤར་སེ་སྐྱོད་བཞིན་པ་ལྟ་བུའི་དུས་ཚོད།
སྐྱེས་བུ་ཆེན་པོ་ཚོས་དཔྲལ་བའི་མིག་བཞིན་གཅེས་སྤྲས་བྱེད་པའི་དུས་ཚོད།
དུས་ཚོད་ཨང་།
བདག་གིས་དུས་ཚོད་ཀྱི་སྐར་ཆའི་རྩེར་སྨིན་པའི་སིལ་ཏོག་རེ་རེ་ལག་ལ་ལོན་ཐབས་མ་བྱུང་ལགས།
བདག་གི་རྣམ་ཤེས་ཚ་གདུག་གི་ལྗོན་རྩེ་ནས་འཕུར་མ་ཐུབ་པར་ལུས་ཡོད།
བལྟས་བལྟས་རིག་རིག་ལ།
དུས་ཚོད་ཤོར་སོང་། ལང་ཚོ་ཤོར་སོང་།
བལྟས་ཚོད་ཀྱིས་ཡོད་ཚད་ཤོར་སོང་བ་དང་འདྲ།
ཉེ་སའི་སེམས་པ་ཚོར་ཕུལ་བ།
རེ་བའི་ཞགས་པ་དེ་ང་ལ་མ་འཕེན་རོགས།
བདག་གི་ནམ་མཁའ་བདག་གི་ལག་ན་འཇོག་རོགས།
དཀར་ཡོལ་བཞིན་གཉོར་སྐྱོང་བགྱི་སྟངས་ངས་མི་ཤེས།
སྐད་ཆ་སྙན་པོ་སྙན་པོ་དེ་ཚོའང་ངས་འཆད་མི་ཤེས།
བདག་ལ་སྒྱུ་མ་མཁན་བྱེད་དུ་མ་འཇུག་རོགས།
དགོངས་པ་མ་འཚོམས།
བདག་ལའང་ལྟ་ཚུལ་ཞིག་ཡོད་པ་མཁྱེན་པར་མཛོད།
བདག
རྣམ་ཤེས་ལ་ཚ་ནད་ཕོགས་པས་ཟས་ཀྱི་ཡི་གའང་མེད་ན།
ཁྱེད་ཚོར་འཛུམ་མདངས་སྟོན་ཐབས་མི་འདུག
མ་གཞི་ནས་འཛུམ་མདངས་ནི་བདག་ལ་དཀོན་པའི་ཆོས་ཞིག་ཡིན།
རེ་བ་ཟེར་བའི་ཐག་སྣེར་འཇུས་དྲགས་ན་མུན་ཁུང་དུ་འབྱོར་བ་ངས་སྔར་ནས་ཤེས་ཡོད།
ཅི་ཞིག་ལ་ཐོགས་ཡོད་པ་ལྟ་བུའི་དུས་ཚོད་ཀྱི་གསེང་ནའང་འགུལ་སྐྱོད་ཀྱི་སྟ་གོན་བྱེད་བཞིན་ཡོད།
བདག་གིས་ད་དུང་ཁ་བ་དྲན་བཞིན་ཡོད།
7/4/2013