Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་དམངས་ཁྲོད་རྩོམ་རིག་ལ་གཞས་སྐོར་རགས་ཙམ་དཔྱད་པ།

Posted on 2017-11-092017-11-09 By ཁ་བརྡ 3 Comments on བོད་ཀྱི་དམངས་ཁྲོད་རྩོམ་རིག་ལ་གཞས་སྐོར་རགས་ཙམ་དཔྱད་པ།
རྩོམ་པ་པོ་ཀུན་བཟང་སྒྲོལ་མ་ལགས།

རྔ་བ་ཀུན་བཟང་།

A Brief Discussion on ‘la gzhas’ Appearing in the Tibetan literature

{ ནང་དོན་གནས་བསྡུས } འཛམ་གླིང་གི་རྩེ་མོ་དང་ཨེ་ཤ་ཡའི་ཆུ་བོའི་འགོ་ཁུངས་སུ་གནས་ཆགས་པའི་མཐོ་སྒང་གི་བོད་མི་རིགས་འདི་ནི། ལོ་རྒྱུས་ཐོག་བྱུང་བ་ཆེས་སྔ་ཞིང་ཡ་ཐོག་ཤེས་རིག་གི་ལ་གཞས་སྒྱུ་རྩལ་བརྩེ་དུང་རྩོམ་རིག་དང་། གེ་སར་དཔའ་བོའི་གཏམ་རྒྱུད་སྒྲུང་གླུ་ཡི་བང་མཛོད་གྲགས་ཅན་ཞིག་ཡིན། དེ་བཞིན་རྒྱ་གར་གྱི་ལེགས་སྦྱར་རྩོམ་རིག་གི་སྒྲ་སྒྱུར་ཆེས་སྔ་བ་དང་། མགུར། གླུ། ལྡེའུ། ཆང་གཞས། ཤགས། ལྷ་མོ། བཤད་པ། འབེ་དཀར་སོགས་དམངས་ཁྲོད་སྒྱུ་རྩལ་རྩོམ་རིག་གི་རྣམ་གྲངས་ཀྱང་ཆེས་མང་བ། ལྷག་པར་དུ་དམངས་ཁྲོད་ཀྱི་འཚོ་བའི་གཏིང་ཟབ་ས་རུ་རང་བྱུང་ཁམས་ཆེན་མོའི་མཛེས་པ་དང་། རྩོམ་རིག་གི་གཉུག་མའི་སྒྱུ་རྩལ་སེམས་ཁམས་གཉིས་གོང་བུ་གཅིག་ཏུ་ཆགས་པའི་ལྟ་གྲུབ་ཀྱི་རྒྱབ་ལྗོངས་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་ཤེས་རྟོགས་མངོན་གསལ་ཡོང་སླད་དུ་ཡིན་ལ།ངག་ཐོག་གི་དམངས་གླུ་དེ་དག་ནི་བོད་གདོང་མའི་སྤྱི་ཚོགས་ཀྱི་རྩོམ་རིག་ལ་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ལ་གཞས་དེ་ཀྱང་ཕོ་མོ་ཕན་ཚུལ་བར་ན་བརྩེ་དུང་གི་ས་བོན་འདེབས་སའི་ལུས་སེམས་ཀྱི་འཚོ་བ་མཚོན་པའི་རིག་གནས་སྒྱུ་རྩལ་ངོ་མཚར་ལྡན་པ་ཞིག་ཡིན།

{ གནད་ཚིག } ལ་གཞས་བྱུང་བ། བརྗོད་བྱ་དོན། རྗོད་བྱེད་ཚིག། རིགས་དགར་ཚུལ།

ས་བཅད་དང་པོ  ༽ ལ་གཞས་ཀྱི་བྱུང་བ་ལ་དཔྱད་པ།

དེ་ཡང་ལ་གཞས་ནི་ཐོག་མར་སྐད་ཆའི་ངག་རྩལ་གྱི་ཆར་གཏོགས་པ་ནས། དེ་དང་མི་གཉིས་དབར་ལ་གསར་རྩོམ་གྱི་ཐུན་མིན་འབྲེལ་བ་ངེས་ཅན་ཞིག་ཆགས་པ། འབྲེལ་ལམ་དེ་ཡང་སྒྱུ་རྩོམ་གྱི་ཚད་མཐོ་བའི་རྣམ་པར་འཕོ་འགྱུར་རིམ་པར་བྱུང་བ་ནས། མིའི་སེམས་ཁམས་ན་འཕྲོ་འདུ་བྱེད་པའི་དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་ཤུགས་དྲག་ཏུ་གཡོ་བ་བརྒྱུད། སྒྱུ་རྩལ་དང་མཛེས་རྟོག་གི་གཏན་ཚིགས་རིམ་བཞིན་གོང་མཐོར་ཕྱིན་ཏེ། སྒྱུ་རྩལ་རྩོམ་རིག་གི་མ་ཡུམ་ལ་གཞས་སྙན་ཚིག་རིག་པ་འདི་ཡང་རྩོམ་རིག་གི་མ་ལག་ཆེས་ཞིག་ཏུ་ཆགས་ཡོད། མ་ཟད། ལ་གཞས་ལ་དམིགས་གསལ་གྱི་དུས་རབས་དེ་དང་ཡུལ་དེ་ན་ཐོག་མ་བྱུང་འདུག་ཅེས་ཁ་གསལ་མེ་ཀྱང་། བོད་ཀྱི་དམངས་གླུ་ལ་གཞི་མཚོན་ནས་བཤད་ན། <<ཆོས་འབྱུང་མེ་ཏོག་སྙིང་པོ་སྤྲང་རྩིའི་བཅུད>> ལས། “བོད་ཀྱི་རྒྱལ་པོ་སྔ་བ་གཉའ་ཁྲི་བཙན་པོའི་སྐུ་རིང་ལ། གཏམ་རྒྱུ་དང་། སྒྲུང་རྒྱུད། སྡེབ་སྤྱོར། བཀའི་ཀུགས། བྲོ་གར། གླུ་གཞས། ཤོད་རྩེད། རྩེད་འཇོ་སོགས་བྱུང་”[1]ཡིན་ཞེས་བཀོད་ཀྱང་། ཏུན་ཧོང་བོད་ཀྱི་ཡིག་རྙིང་ལས་བྱུང་བའི་བོད་བཙན་པོའི་རྒྱལ་རབས་ནང་གི་སྤུ་རྒྱལ་ཐོག་མ་གཉའ་ཡི་ལོ་རྒྱུས་དང་ཡིག་ཆ་གཞན་ལ་རྒྱལ་པོ་དེའི་དུས་ཀྱི་གཞས་དང་གླུ་སོགས་ལ་ཁ་གསལ་མེད། རེད་དེ། ཡེ་གདོད་མའི་དུས་ནས་མི་མང་དཀྱུས་མའི་ཁྲོད་དུ་དམངས་རིགས་ཀྱི་གླུ་དང་གར་དུ་མ་ཞིག་ཡོད་པ་ངས་བརྗོད་ཅི་ལ་དགོས།དེ་ཡང་དཔེར་ན། སྲིད་པའི་མི་ཆོས་བརྗོད་པའི་དམངས་གླུ[2]་དང་། དམ་པའི་ལྷ་ཆོས་བརྗོད་པའི་མགུར་གླུ[3]། དཔའ་བོའི་རྟོགས་པ་བརྗོད་པའི་སྒྲུང་གླུ། རང་བསྟོན་གཞན་སྨད་བརྗོད་པའི་གླུ་ཤགས[4]། ཁ་བརྡ་བསླབ་བྱ་བརྗོད་པའི་ཨ་རྩེད[5]། ཕོ་མོའི་བརྩེ་དུང་བརྗོད་པའི་ལ་གཞས་ལ་སོགས་མི་རིགས་ལོ་རྒྱུས་ཐོག་ན་ཆེས་སྔ་བའི་སྒྱུ་ཙལ་གྱི་རྣམ་པ་མཚོན་པའི་རིགས་དུ་མ་ཞིག་སྐད་ཆའི་སྒྱུ་རྩལ་འཕེལ་རྒྱས་སུ་ཕྱིན་ནས་བྱུང་ངོ་།

 ས་བཅད་གཉིས་པ། ༽ ལ་གཞས་ཀྱི་གོ་དོན་ལ་དཔྱད་པ།

གླུ་གར་གྱི་ཞིང་ཁམས་སུ་གྲགས་པའི་ལ་གཞས་ཞེས་པ་ནི་བོད་མདོ་དབུས་ཁམས་གསུམ་ལས་ཨ་མདོའི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་ཕོ་མོའི་མཛའ་བརྩེ་མཚོན་བྱེད་ཀྱི་གླུ་གཞས་ཤིག་ཡིན་ལ།མིང་གཞན་ལ་“ལ་ཡེ” “ལ་གླུ”།[6] “རི་གླུ”་ཡང་ཟེར། མིང་དེ་དག་བརྗོད་དོན་ཡང་རྩ་ཐང་ཡངས་མོའི་འབྲོག་ས་ན་ཕོ་མོ་རྣམས་རྟ་ནོར་ལུགས་གསུམ་འཚོས་དུས་རྫ་རི་དང་ལུང་རི་རྒྱུད་ནས་རི་ཕ་རོལ་ཚུལ་རི་བྱེད་བསྡད་ནས། རང་གི་སེམས་སོང་རོགས་ལོ་ལ་དགའ་བའི་ཉམས་མཚོན་པའི་གླུ་དབྱངས་ལེན་བཞིན་ཡོད་པས་ལ་གཞས་ཞེས་མིང་བྱུང་ཉམས་སོ།

ད་དུང་། <<བོད་ཀྱི་དམངས་ཁྲོད་རྩོམ་རིག་སྐྱ་རེངས >> ལྟར་ན། “ལ་གཞས་ནི་སྡེ་བའམ་ཁྱིམ་ཚང་རིང་དུ་གྱེས་པའི་རི་མགོ་དང་གཞོན་ནུ་ཕོ་མོ་འཚོགས་སར་སྐད་ངག་འགྱུར་ཁུགས་ཀྱི་དབྱངས་ལ་དྲངས་ནས་གཞོན་ནུ་ཕོ་མོའི་བརྩེ་དུང་བརྗོད་ལ་གོ”།[7] <<བོད་ཀྱི་རྩོམ་རིག་དྲ་བ>> ལས་“ལ་གཞས་ནི་ཁྱིམ་ཚང་གཅིག་གི་ཕུ་ནུ་མིང་སྲིང་དང་ངོ་སྲུང་བའི་མི་རྣམས་མཉམ་དུ་འཛོམས་དུས་སུ་བླངས་མི་ཆོག་པ་དང་ངོ་མི་སྲུང་པའི་ཕོ་མོ་གཉིས་ཕན་ཚུན་ལ་དགའ་བས་དབང་གིས་གཅིག་གིས་གཅིག་ལ་བཤད་པའི་བཙོག་གཏམ་མང་པོ་རིམ་གྱིས་འཕེལ་རྒྱས་སུ་སོང་བ་བརྟེན་ནས་འདོད་པའི་བརྩེ་དུང་མཚོན་པའི་ལ་གཞས་བྱུང་བ་ཡིན།”[8] ལྷག་པར་ཏུ་ལ་གཞས་དེ་ཕོ་མོ་གཉིས་ཐོག་མར་ཐུག་དུས་སུ་རྩེ་འགོ་ལེན་པ་དང་།འགྲོགས་པ།བར་དུ་མཐུན་པའི་སྐོར།རྗེས་སུ་བྲལ་བའི་སྐོར།ཡང་ན་འགལ་བའི་སྐོར་སོགས་མི་མེད་ལུང་སྟོང་དང་སྡེ་བ་ཁྱིམ་ཚང་མེད་ས།རྫ་མགོ་རི་མགོ་དང་ལ་ལུང་དུ་བླངས་ན་སེམས་སྤྲོ་ཞིང་སྣང་བ་སྐྱིད་ལ་སྒྱུ་རྩལ་གྱི་རྣམ་པ་རབ་ཏུ་ཕྱུག་པའི་རིགས་ཞིག་ཀྱང་ཡིན།

ས་བཅད་གསུམ་པ། ༽ ལ་གཞས་ཀྱི་རྗོད་བྱེད་ཚིག་གི་ཁྱད་ཆོས།

གོང་དུ་བརྗོད་པར་ལྟར། ལ་གཞས་ཀྱི་ནང་དོན་ནི་འདོད་པའི་བརྩེ་དུང་སྟོན་པ་གཙོ་ཆེ་ཡང་བརྗོད་བྱ་གཞན་འགའ་རེ་ཡང་འདུག།།དཔེར་ན། དམངས་ལ་བསླབ་བྱ་བརྗོད་པ་དང་།ན་མཉམ་ལ་ལས་འབྲས་བཤད་པ།གོང་འོག་གི་ཁྲིམས་ལུགས་བསྟན་པ་སོགས་དུ་མ་ཞིག་འཛོམས་ཡོད།དེ་ཕྱིར་ལ་གཞས་ཀྱི་ནང་དོན་ཆ་ནས་གཙོ་ཆེ་ཆུང་དབང་ནས་མི་འདྲ་བ་དུ་མ་ཡོད། མདོར་ན། ལ་གཞས་ནི་གཙོ་བོ་ཕོ་མོའི་བརྩེ་དུང་མཚོན་པའི་ཚིག་སོར་བཅུད་ལྡན་རྣམས་དྲི་བ་དྲིས་ལན་གི་ཚུལ་དུ་དབྱངས་སུ་གྱེར་བའི་མཛའ་གཞས་ཀྱི་རིགས་ཤིག་ལ་གོ་དགོས་སོ།

༡༽ རྗོད་བྱེད་ཚིག་གི་ཁྱད་ཆོས།

ལ་གཞས་ནས་ཨ་མདོ་དམངས་ཁྲོད་དུ་དར་ཁྱབ་ཆེ་བས་རྗོད་བྱེད་ཚིག་དུ་མ་ཞིག་ཨ་མདོའི་ཁ་སྐད་ནང་དུ་ཡོད་པ་དེའི་ལ་གཞས་ལ་ཆེས་དམིགས་བསལ་གྱི་ནུས་པ་དང་སྒྱུ་རྩལ་མི་འདྲ་བ་ཞིག་ཆགས་ཡོད།ལྷག་པར་ཏུ་སུམ་རྟགས་ཀྱི་གཞུང་ལུགས་དང་མི་འདྲ་བའི་ཚིག་ཕྲད་མང་ལ་དེ་དག་ཡང་ནོར་བ་དང་བཅོས་རུང་བ་ཞིག་མིན་དེ། གདོད་མིའི་མི་རིགས་ཀྱི་ངག་རྩལ་རང་བཞིན་གྱི་རིག་གནས་ནི་ཆེས་དཱངས་གཙང་ཞིག་དང་བཅོས་ལྷད་མེད་པའི་རིག་གནས་གལ་ཆེན་ཞིག་ཡིན་པས་དེ་ལ་མཐོང་ཆེན་དང་དཔྱད་གཞི་ཡིག་ཆ་གལ་ཆེན་ཞིག་ཏུ་རྩིལ་དགོས་པས།གཤམ་ལ་རེ་འགའ་ཡི་དཔེ་བཀོད་ཡོད།

༤༽རྗོད་བྱེད་ཁྱད་ཚིག་གི་ཁྱད་ཆོས།

ཡེ་གདོད་མིའི་ངག་རྩོལ་ལ་གཞས་ཁྲོད་དུ་སྣང་བའི་ཁྱད་ཚིག་དག་ནི་བོད་ཀྱི་སྙན་ངག་དང་རྩོམ་རིགས་ཀུན་གྱི་རྣམ་པ་མཛེས་པ་བསྟོན་བྱེད་ཀྱི་གཞི་མ་ཞིག་ཆགས་ཡོད་ལ། ཁྱད་ཚིག་དེ་དག་ལ་ཆེས་མཐུན་མོང་མ་ཡིན་པའི་ནུས་པ་དང་སྒྱུ་རྩལ་གྱི་རང་བཞིན་ལྡན་པས། དེང་རབས་སྙན་ངག་དང་རྩོམ་གང་གི་ཆ་ནས་ཕན་ཐོག་ཆེ་བའི་ཚིག་ཁྱད་འཕགས་པ་ཞིག་ཡིན། དཔེར་ན། དགུང་ཨ་སྔོན། སྤྲིན་དཀར་དམར། དགུང་ཉི་ཟླ། རྫ་ཁྲ་ཡག། རྩ་རྩི་ཏོག། རྫ་བྲེ་སེར། ཁྱིམ་གནས་ཁང་། ཡུལ་ཕྱོགས་བཞི། ཆང་བདུད་རྩི། རྐྱང་དར་མ། རྩལ་བང་ག། འབྲོང་བྲེ་སེར། སྟོད་རི་རྒྱལ། གླུ་གར་རྩེ། ལྷ་བླ་མ། གླུ་མཆོད་པ། དགྲ་བདུད་དཔུང་། ཟས་ཞིམ་པོ། མ་སྲུ་མོ། མགྲོན་བརྒྱ་སྟོང་། ཞིང་ཆུ་མ། ཤིང་ནགས་ཚལ། བྲག་ཟུར་གསུམ། འབངས་མི་སེར། མ་བུ་མོ། ས་དོག་མོ།སྨད་མཐའ་ཡས། ནགས་ཙན་དན། གཡང་འབྲི་མོ། མཛོ་ཁྱུང་དཀར། དར་དཀར་པོ། གོས་ལྗང་སྨུག ། ནགས་རྒྱ་རྫོང་། བྱ་ཐང་དཀར། ཁ་ཡ་ན་ཟླ། ནང་མེས་རྒྱལ། འབངས་མི་རིགས། སྟག་ཤ་ར། ལམ་སྐྱ་མོ། རོགས་ཆུང་ལོ། ས་སྡེ་ཆེན། འདང་རྒྱབས་ན། ལོབས་སོང་ན་ལ་སོགས་པའི་ཁྱད་ཚིག་དག་ནི་ལ་གཞས་ཡི་ཆེས་མཐུན་མོ་མ་ཡིན་པ་ཞིག་ལ་ཆགས་ཡོད་ལ། ཁྱད་ཚིག་དེ་དག་གི་ལ་གཞས་ལ་ནུས་པ་དམིགས་གསལ་ཞིག་དང་སྒྱུ་རྩལ་གྱི་རྣམ་པ་མི་འདྲ་བ་ཞིག་སྐྲུན་ཐུབ་པ་བརྗོད་ཅི་ལ་དགོས།

ས་བཅད་ལྔ་པ། ༽ ལ་གཞས་ཡི་བརྗོད་བྱའི་དོན་གྱི་ཁྱད་ཆོས།

༡༽ ཕོ་མོའི་བརྩེ་དུང་མཚོན་པ།

སྤྱིར་ལ་གཞས་ལ་མཚོན་ན་ཆེན་པོ་རྣམས་བསྟོད་པ་དང་། དམན་པ་རྣམས་སྨད་པ། མཉམ་པ་རྣམས་འགྲན་ཚིག་སོགས་ཀྱི་རྣམ་པ་གང་ཡང་མེད་དོ། བརྗོད་བྱའི་ཆ་ནས་གླུ་དང་། ཁེད། གཏམ་དཔེ། གནའ་གཏམ། བྱིས་གླུ། ཆང་གཞས་ཀུན་ལ་རྣམ་པ་མི་འདྲ་བས་གཙོ་བོ་དྭངས་གཙང་ལྷད་མེད་ཀྱི་ཕོ་མོའི་བརྩེ་དུང་མཚོན་ནོ། བརྩེ་དུང་དེ་ཡང་། སྙན་མོ་ངག་གི་སྒྱུ་རྩལ་ལམ་ནས་ཕན་ཚུལ་ཁ་བརྡ་བྱེད་བཞིན་ཡོད་དེ། དཔེར་ན། ‘‘མ་བུ་མོ་སྙིང་ལ་རྗེ་བོ། ། རྩེ་བཏང་ན་ན་ཟླའི་རྒྱན་རེད། ། བཅོས་བཏང་ན་དམར་ཆུང་སྲོག་རེད། ། རོགས་འདང་ཆེན་ཡིན་དོན་དེ་རེད། ། སྡེ་ཆེན་པོ་ནོར་བུའི་གདན་སྟེང་ནས། །རོགས་ཆུང་ལོ་བསམ་པའི་དོན་འགྲུབ་རེད། ། ཞག་ཉིན་མཚན་མེད་ལ་མི་ཐུག་ཀི། ། ཞག་ཉིན་མཚན་མེད་ལ་མ་ཐུག་ན། ། རོགས་དྲན་ནི་ཉི་མ་མི་ཆོད[9]་ཀི། །„ ཅེས་ལ་ལྟ་བུ་སྟེ། ལང་ཚོའི་མེ་ཏོག་དགུང་ལ་དར་བའི་གཞོན་ནུ་ཕོ་མོ་དག་གི་བཅོས་མིན་གྱི་བརྩེ་དུང་མཆོན་པ་བྱས་ཡོད།

༢༽ ཡུལ་ལྗོངས་དང་མཛེས་དཔྱོད་ཀྱི་ཤེས་ཚད་མཚོན།

དེང་རབས་ཀྱི་སྤྱི་ཚོགས་ལ་རྣམ་པ་གཞན་པས། སྐབས་དེ་དུས་བོད་ཀྱི་ཡུལ་ལྗོངས་དང་མི་མང་བར་ལུས་སྲོག་གི་འབྲེལ་བ་ཆགས་ཡོད་ལ། ལ་གཞན་དེ་དག་ཁྲོད་དུ་ཡང་རི་མགོ་ནམ་ལ་གཟིག་པའི་རྗ་རི་དང་། དུང་དཀར་གཡས་འཁྱིལ་འདྲ་བའི་གངས་རི། མཐའ་ཡས་མུན་མཐའ་མེད་པའི་མཚོ་དང་ཚེའུ། སྔོ་སེར་དཀར་དམར་འབྲེལ་བའི་རྩྭ་ཐང་དང་མེ་ཏོག ། སྙན་མོའི་ངག་དབྱངས་བཟང་བའི་བྱ་དང་བྱིའུ། མི་རིགས་ཁྱད་ཆོས་ཀྱི་ལྡན་པའི་རྟ་ནོར་ལུག་སོགས་ཀྱི་དཔེར་རུ་བཀོད་པ་དེ། གཅིག་ནི་མཛེས་པའི་ཡུལ་ལྗོངས་ཀྱི་ཁྱད་ཆོས་མཚོན་པ་དང་། གཉིས་ནི་སྔར་ནས་མི་རིགས་དེ་ལ་མཛེས་དཔྱོད་ཀྱི་ཤེས་ཚད་ཧ་ཅང་མཐོ་བ་ཡང་མངོན། དཔེར་ན། ‘‘དགུང་ཨ་སྔོན་དཀྱིལ་གི་ཉི་མ། ། ནངས་སྔ་མོ་ཚང་ནས་ཤར་དུས། ། དགུང་སྔོན་པོ་དཀྱིལ་གི་རྒྱལ་རེད། ། དགོས་ཕྱི་དྲོ་ནུབ་ནས་འགྱ་དུས། །

ས་མུན་ནག་འཐིབས་ཀི་གཞི་རེད།། མཛོ་ཁྱུང་དཀར་གསེར་ར་བརྗེ་དུས། ། མཛོ་མི་དྲན་ཟེར་ནོ་རྫུན་རེད། ། མཛོ་ཁ་མང་བཙོང་གི་དེ་རིང་། ། མཛོ་རིག་འདྲ་རིག་ན་དྲན་གི། ། སྒ་རིག་འདྲ་རིག་ན་སྨྲེང་གི། „ [10]

༣༽ མི་རིགས་ཀྱི་ཀུན་སྤྱོད་མཚོན་པ།

ཆེས་མཐུན་མོང་མ་ཡིན་པའི་གླུ་གཞས་གང་ལ་ཁྱད་ཆོས་མང་ལ། ལ་གཞས་ལ་མཚོན་ན་ཕོ་མོའི་བརྩེ་དུང་ཙམ་མ་ཡིན་པར་དེ་དག་གི་མི་རིགས་ཀྱི་ཀུན་སྤྱོད་དང་མི་རིགས་ཀྱི་གཤིས་ཀ་བརྗོད་བཞིན་ཡོད་དེ། བོད་ཀྱི་གཞོན་ནུ་ཕོ་མོ་དག་ནི་ལས་ལ་བཙོན་ཞིང་གཡོ་སྒྱུ་ཆུང་ ། གཞན་ལ་བརྩེ་ཞིང་དམངས་ལ་གུས་པ། གཞུང་རྒྱུད་མདའ་ལས་དྲང་བ། ངང་རྒྱུད་བལ་ལས་འཇམ་པ། སྙིང་སྟོབས་ཆེ་ཞིང་བློ་རྒྱལ་ཡངས་བ་སོགས་ཚིག་སྐམ་ཙམ་མིན་པར་གདོང་མའི་ལ་གཞས་ཁྲོད་ན་གསལ་ཡོད་དེ། དཔེར་ན ‘‘ཕོ་ང་ཚོ་འཛམ་གླིང་ཉི་མ་བྱེད། ། མ་ཁྱོད་ཚོ་ཉི་མའི་དྲོད་ཁུལ་བྱོས། ། ནང་སྔ་སེ་ཉི་འོད་མཉམ་འཆར་བྱེད། ། དགོང་ཕྱི་དྲོ་ཉི་འོད་མཉམ་ནུབ་བྱེད། ། སྤྲིན་ནག་པོ་ནམ་ཡོང་མི་ཤེས་གི ”ཞེས་དེའི་ཕོ་མོ་ཕན་ཚུལ་བར་ན་ཡ་རབས་ཚུལ་ལྡན་གྱི་མཛའ་མཐུན་སྐྲུན་ཐབས་བྱེད་པ་དང་། ‘‘ རོགས་ཆུང་ལོ་དུང་གི་ལོ་སྒོ་ཅན། ། ཁྱོད་རིག་དུས་ཐུག་ན་ལོས་འདོད། ། ས་དེང་སང་བཟའ་བའི་[11]ཁྲིམས་འགོ་ན། ། ཚིག་སྙན་མོ་བཤད་ཀི་དབང་ཆུང་རེད། ། རོགས་ཡང་ཡང་ཐུག་རྒྱུ་དཀར་མོ་རེད” ཞེས་པ་བརྗོད་འདོད་ན་གཞོན་ནུ་ཕོ་མོ་དག་གི་རང་གི་བཟའ་ཟླ་ལ་གུས་པ་དང་གཡོ་མེད་ཀྱི་རང་བཞིན་བསྟན་པ་དེའི་ཁྲོད་ནས། དེང་རབས་ཕོ་མོ་དག་གི་ཁྲེལ་མེད་ལུགས་མེད་ཀྱི་བྱ་སྤྱོད་ཀྱི་རྣམ་པ་ལ་ཨེ་མ་ངོ་མཚར་ཆེ་འོ།

ས་བཅད་དྲུག་པ། ལ་གཞས་་ཀྱི་རིགས་དགར་ཚུལ།

གོང་དུ་བརྗོད་པ་ལྟར་ལ་གཞས་ལ་དུས་དང་ཡུལ། མི། སྤྱི་ཚོགས། སོགས་ཀྱི་དབང་གིས་ལ་གཞས་ལ་རིགས་མང་ཞིང་དོན་ཕུན་སུམ་ཚོགས་པ་ཞིག་ཡོད། དེའི་བརྗོད་བྱའི་དོན་གྱི་ཆ་ནས་རིགས་མི་འདྲ་བ་བཅུ་གསུམ་ཙམ་ཞིག་དབྱེ་ཆོག་སྟེ། ༡རྩེ་མགོ་ལེག་པའི་ལ་གཞས་དང་། ༢ རོགས་འདེབས་པ། ༣རོགས་འགྲིགས་པ།

༤ཞེ་མཐུན་པ། ༥དམ་བཙའ་བ། ༦ཞེ་ཆགས་པ། ༧ རོགས་དྲན་པ། ༨ སེམས་སྨྲེ་བ། ༩ ཞེ་སྡུག་པ། ༡༠རོགས་འགལ་བ། ༡༡ ལབ་ལེན། ༡༢ཁ་འབྲལ་བ། ༡༣བདེ་མོ་འཇོག་པ་སོགས་ཚིག་བཅད་ལྷུན་སྤེལ་མའི་ལུག་ཀྱི་ཆ་ནས་བརྗོད་བྱ་རིགས་སྣ་འཛོམས་ཤིག་དབྱངས་རྟ་སྣ་ཚོགས་ཐོག་ནས་ཁེར་ལེན་དང་། མཉམ་ལེན། དྲི་བ་དྲི་ལན་གྱི་ལེན་པའང་ཡོད་པ། དེ་དག་ཁྲོད་ནས་གྲགས་ཆེ་བ་བཞི་ཙམ་ལ་དཔེར་བཀོད་ན།

༡༽ རོགས་དྲན་པའི་ལ་གཞས།

རོགས་དྲན་པའི་ལ་གཞས་ནི་ཕོ་མོ་ཕན་ཚུལ་གཅིག་སེམས་གཅིག་ལ་མཐུན་ཀྱང་།སྤྱི་ཚོགས་དང་།ཕ་མ་།གྲོགས་དང་གྲོགས་མོ་སོགས་ཀྱི་བཙན་དབང་ཁྲོད་ནས་ཁ་ཁར་བཏང་སོང་བ་འམ་ཡང་ན་ལས་དབང་གི་གཅིག་མཐུན་མེད་སོང་བའི་གདུང་དབྱངས་ཀྱི་གླུ་ཞིག་ཡིན་ལ། ཕྱོགས་གཞན་ནས་སྔོན་ཕན་ཚུན་ཕོ་མོ་གཉིས་ངོ་མི་ཤེས་པ་ཡིན་ན། འགོགས་ཡ་བཙལ་ནས་མ་རེད་པའི་སྡུག་ཡུས་བ་རོད་པའི་ཚུལ་གིས་དྲན་པ་དང་། ངོ་ཤེས་གཉིས་ཡུན་རིང་མ་འཕྲད་པ་ཞིག་ཡིན་ན། ཕ་རོལ་པོ་ཇི་ལྟར་དྲན་པའི་སེམས་ཚོར་བ་བརྗོད་ཚུལ། དགུང་ཉི་མ་འདྲ་བའི་རོགས་ལོ་ཁྱོད།། སྡེ་གཅིག་ན་ཡོད་དུས་དགའ་སྣང་མེད།། སྡེ་གཞན་ལ་མག་པོ་འགྲོ་སོང་ན།། སེམས་བསམ་པ་འཁོར་ས་ཁྱོད་ལས་མེད།། རོགས་འུ་གཉིས་ཨ་འགྲིག་ཆ་འགྲིག་རེད།། ཆ་འགྲིག་པའི་སེམས་པ་སྙི་མོ་གཉིས།། དུས་སྐད་ཅིག་ཙམ་ལ་མེད་སོང་ན།། དྲན་དྲགས་པའི་སེམས་པ་མི་བཟོད་ཀི།།[12] སྟག་ཤ་ར་དུང་གི་སོ་སྒོ་ཅན།། ཕར་སོང་ན་སྡེ་བའི་རྒྱན་རེད།། ཕྱིར་ཡོང་ན་སྡེ་ཆེན་དཀྱིལ་རེད།། ཁྱེད་ཡོད་ན་རྩེ་རའི་བཅུད་རེད།། ཁྱེད་མེད་ན་ཀ་ལང་ཐང་རེད།།[13]

༢། རོགས་འདེམས་པའི་ལ་གཞས།

དེ་ཡང་གདོད་མི་སྐབས་སུ་ཕོ་མོ་ཕན་ཚུལ་བར་ནས་ལ་གཞས་བཏང་བཞིན་རང་གི་ཚེ་གྲོགས་འདེམས་སྲོད་ཡོད་པས། རོགས་འདེབས་པའི་ལ་གཞས་དག་ནི་རང་གི་འདོད་པ་ལྡར་ཚེ་གྲོགས་འདེབས་པའི་ཐབས་ཁྱད་པར་ཅན་ཞིག་ཡིན་སྟེ། དཔེར་ན། “ཁྱེད་ཞང་བཟང་ཚ་མོ་ཡིན་ན། ། ཚིག་སྙན་མོའི་མགོ་རྐང་ངས་སྒྲིག། ། ཚིག་བཤད་ཀི་སྟབས་ཀ་འགྲིག་ན། ། འགྲོགས་རྔ་མ་ཡུན་གིས་ངས་སྐྱོང་། ། དངུལ་དཀར་པོའི་རྣ་ལོང་ ཁྱོད་བྱོན། ། གཡུང་བྱུ་རུའི་རྒྱན་ཆ་ངས་འདོགས། ། བཏགས་བཏང་གི་ཉི་མ་ཞིག་ལ། ཚེ་གཅིག་གི་རྩེ་རོགས་ཉན་དགོས། ། [14]རྒྱུ་ནོར་བུ་ཅན་གྱི་རོགས་མི་དགོས། །ཐོབ་གོ་ས་ཅན་གྱི་མིང་མི་དགོས། ། སེམས་བསམ་པ་མཐུན་པའི་མི་ཞིག་ལ། ། ཚེ་གཅིག་གི་རྩེ་གྲོགས་བྱེད་འདོད། །།” [15]

༣། ཞེ་མཐུན་པའི་ལ་གཞས།

དེ་ཡང་ཞེ་མཐུན་ལ་གཞས་ཞེས་པ་ནི་སེམས་མཐུན་པའི་རོགས་ལོ་བར་ན་བཏང་སྲོད་ཡོད་པའི་གླུ་གཞས་ཆེས་མི་འདྲ་བ་ཞིག་ཡིན་ལ།གླུ་གཞས་དེའི་ནང་ལ་གཙོ་བོ་དཔེ་དོན་གཉིས་རེ་ཐོག་ནས་ཕན་ཚུལ་ཞེ་མཐུན་གྱི་རྣམ་པ་གསལ་པོ་བསྟན་བཞིན་ཡོད་དེ།དཔེར།“ཤིང་གསོམ་དཀར་ཉག་ཕྲན་མདའ་མོ་གཅིག།།བྱ་གླག་མོ་སྒྲོ་དཀར་འདབ་མོ་གཉིས།།སྐྱེས་ཡུལ་མི་གཅིག་ཁ་ཁ་རེད།།གཞུ་མཆོག་དཀར་སྟེང་ནས་མཐུན་པ་རེད།།དོན།སྡེ་ཆེན་གྲོང་གི་བྱི་མོ[16]གཅིག།།སྡེ་མཐའ་སྐོར་གི་བྱི་ལི་གཉིས།།སྐྱེས་ཡུལ་མི་གཅིག་ཁ་ཁ་རེད།།ཚིག་སྙན་མོ་སྟེང་ནས་མཐུན་པ་རེད།།།” [17]གོང་གི་དཔེ་དོན་གཉིས་ལ་དཔྱད་ན་ལ་གཞས་དེ་གླུ་ཙམ་མ་ཡིན་པར་སྙན་ངག་གཞུང་ལུགས་ལྡར་དཔེ་རྒྱན་དང་གཟུགས་རྒྱན་སོགས་དུ་མ་ལྡན་པའི་རིག་གནས་ཆེས་མཐུན་མོ་མ་ཡིན་པར་ཞིག་ཡིན་པ་གསལ་པོ་རེད།

༤། བདེ་མོ་འཇོག་པའི་ལ་གཞས།

ཡུལ་རིང་ཐུང་དང་།སྡེ་གོང་འོག།ལམ་རིང་ཐུང་།རྗ་ཕར་ཚུལ་སོགས་ལ་རང་གི་མཛའ་བོ་དང་མཛའ་མོ་འགྲོ་སྐབས་སུ་བདེ་མོ་དང་སྨོན་འདུན་ཚུལ་དུ་ལ་གཞས་བཏང་བཞིན་སྙན་མོ་ངག་གི་བསུ་བཞིན་ཡོད་དོ།སྣང་ཚུལ་འདི་ནི་བོད་ཀྱི་གདོད་མོའི་དུས་ནས་དམངས་ཁྲོད་དུ་ས་ཁྱབ་རྡོ་ཁྱབ་ཡིན་པ་འདྲ།དཔེར་ན།“སྟག་ཤ་ར་རང་ཡུལ་འགྲོ་དུས།། ངའི་སེམས་ནས་སོང་ན་འདོད་མེད།། རོགས་མ་འགྲོ་ཟེར་སྲོལ་མེད་ཀི།། རོགས་འུ་གཉིས་ཐུག་ཚེ་བདེ་མོ།།རོགས་ཆུང་ལོ་ཞེ་འདང་ཅན་པོ།། ནང་ན་ཟླའི་གྱབ་ནས་ཚེ་རིང་། ། ཡུལ་ཕ་མའི་རྩིབས་ནས་བཀྲ་ཤིས།། རོགས་ཐུག་ཀི་སྨོན་ལམ་ངས་འདེབས།།” [18]

མཐའ་མའི་དཔྱད་གཏམ།

གངས་ཅན་བོད་པ་ཚང་ནི་ལོ་རྒྱུས་ཀྱི་དུས་ཡུན་རིང་ཞིང་། གླུ་གར་རིག་གནས་ཀྱི་བང་མཛོད་ཀུན་ནས་གླེང་བའི་མི་རིགས་ཁྱད་འཕགས་པ་ཤིག་ཡིན་ལ། ལྷག་པར་ཏུ་བོད་རིགས་དག་ནི་གླུ་གར་ཀྱི་འཚོ་བ་ལ་ལོངས་སུ་སྤྱོད་པ་དེ་ཡང་མི་ལོ་སྟོང་ཕྲག་གི་ཡར་སྔོན་ནས་ས་ཁྱབ་རྡོ་ཁྱབ་ཡིན་དེ། ཏུན་ཧོང་བོད་ཀྱི་ཡིག་རྙིང་ལས་བྱུང་བའི་བོད་ཀྱི་རྒྱལ་རབས་ཁྲོད་དུ་རྒྱལ་བློན་བར་ན་སྙན་མོ་ངག་གི་མགུར་གླུ་ལེན་པ་དང་། དེ་ནས་རིམ་བཞིན་མི་མང་དཀྱུས་མའི་འཚོ་བ་དང་འབྲེལ་ནས། ངལ་རྩོལ་གྱི་གླུ་དང་། གླུ་ཁ་འཚར། གླུ་ཤགས། ལ་གཞས། བྱིས་གླུ་སོགས་བྱུང་ཡོད། དེ་ཕྱིར་བོད་དབུས་ཁམས་གསུམ་ཀྱི་ཡུལ་ལུང་གོམས་གཤིས་དང་འབྲེལ་ནས་བརྗོད་ན། ཁམས་ན་སྒོར་གཞས་དར་ཁྱབ་ཆེ་ཞིང་། དབུས་ན་གཞས་དང་ནང་མ་དར་ཁྱབ་ཆེ། ཨ་མདོ་ན་ལ་གཞས་དང་ཁེད་སོགས་བཏང་སྲོད་ཆེ་བ། དེ་བས་ཀྱང་། སྐབས་བབས་ཀྱི་བརྗོད་བྱ་དང་འབྲེལ་ཏགས་ཙམ་བཤད་ན། ལ་གཞས་དེ་དག་གི་བརྗོད་བྱ་ལ་མཚོན་ནས་དཔྱད་ན་གོང་དུ་བཀོད་པ་བཞིན། མི་རིགས་དང་ས་ཁུལ་ཀྱི་ཁྱད་ཆོས་མངོན་པར་གསལ་བ་དང་། སྤྱི་ཚོགས་ཀྱི་ངོ་བོ་དང་རྣམ་པ། ལོ་རྒྱུས་དང་ཡུལ་སྲོད་གོམས་གཤིས། ཀུན་སྤྱོད་སོགས་ཀྱི་མཚོན་ཐབས་ཀྱི་རྣམ་པ་ཀུན་ལས་ཕྱུག་པའི་རིག་གནས་གལ་ཆེན་ཞིག་ལ་ཆགས་འདུག་ལ། སྒྱུ་རྩལ་ཀྱི་ཁྱད་ཆོས་ནས་བཤད་ཀྱང་། ཚིག་སྤྱོར་ལེགས་ཤིང་བརྗོད་བྱ་བབས་ཆགས་པ་དང་། རྗ་རི་དང་ལུང་རིང་དཔེ་ལ་བཀོད་ནས་དཔེ་འཇོག་གི་ཐབས་ལ་དོན་སྣང་གི་གཟུགས་བརྙན་ལྡན་པ། མཛེས་དཔྱོད་ཀྱི་རྣམ་པ་ལྡན་པའི་རབ་བཏགས་མང་ཡང་ཟུར་ཟ་དང་ཚིག་རྩུབ་ཉུང་བ། མདོར་ན། རང་ཉིད་ནི་འབྲོག་མོ་ཆེས་དཀྱུས་མ ཞིག་ཡིན་པས་<<བོད་ཀྱི་དམངས་ཁྲོད་རྩོམ་རིག་ལས་གཞས་སྐོར་རགས་ཙམ་དཔྱད་པ>>ཞེས་པ་འདི་ཡང་ཕྲན་གྱི་ལྟ་ཚུལ་དང་བསམ་ཚུལ་གཞི་མ་བྱེད་ནས་དེ་རིང་གི་མི་རབས་གསར་པ་རྣམས་ལ་ཕུལ་བའི་རང་མི་རིགས་ཀྱི་དམངས་གླུ་ཁྲོད་དུ་སྣང་བའི་ལ་གཞས་ཀྱི་དྲོ་བ་ཙམ་ཞིག་ཡིན་ནོ།

 

 ཟུར་ལྟའི་དཔྱད་གི་ཡིག་ཆ།

བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསལ་འདྲེན་པའི་སྐྱ་རེངས། རྩོམ་པ་པོ་པདྨ་དབང་རྒྱལ་དང་གཡང་མོ་སྐྱིད། མི་རིགས་དཔེ་སྐྲུན་ཁང་།༢༠༠༣་ལོའི་པར་གཞི།

ཨ་མདོ་ལ་གཞས་རྨ་ཀླུང་སྒེག་མོའི་རླབས་སྒྲ་ལས་དྲངས། རྩོམ་སྒྲིག་པ། བན་དེ་ཚེ་རིང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།༡༠༠༩ ལོའི་པར་གཞི།

ཆོས་འབྱུང་མེ་ཏོག་སྙིང་པོ་སྤྲང་རྩིའི་བཅུད། རྩོམ་པ་པོ། ཉང་་ཉི་མ་འོད་ཟེར། ༡༩༨༨ ལོའི་པར་གཞི།

རོལ་མོའི་བསྟན་བཅོས། ས་སྐྱ་བཀའ་འབུམ། ༼ཐ༽ རྩོམ་པ་པོ། ས་པཎ། ༢༠༠༣་ལོའི་པར་གཞི།

ཏུན་ཧོན་བོད་ཀྱི་ཡིག་རྙིང་ལས་བྱུང་བ། རྩོམ་སྒྲིག་པ། འབྲི་གུར་སྐྱབས་མགོན་ཆེ་ཚང་། ༢༠༠༥་ལོའི་པར་གཞི།

འཚོལ་ཞིབ་དང་མཐའ་དཔྱད། བོད་ལྗོངས་མི་དམངསདཔེ་སྐྲུན་ཁང་།

བོད་ཀྱི་ཤེས་རིག་དཔྱད་རྩོམ་ཕྱོགས་བསྒྲིགས། ༼ལྔ་པ༽ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༠༠༩ ལོའི་པར་གཞི།

བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག། ༼༧༽ དུས་དེབ་ཀ་པ།་ བོད་ལྗོངས་མི་རིགས་སྒྱུ་རྩལ་ཁང་། ༡༨༨༧ ལོའི་པར་གཞི།

བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག། ༼༡-༢༠༽ དུས་དེབ། བོད་ལྗོངས་མི་རིགས་སྒྱུ་རྩལ་ཁང་།

 

[1] ཆོས་འབྱུང་མེ་ཏོག་སྙིང་པོ་སྤྲང་རྩིའི་བཅུད། རྩོམ་པ་པོ། ཉང་་ཉི་མ་འོད་ཟེར། ཤོག་གྲངས། ༡༦༠། ཕྲིང། ༡།

[2] དམངས་གླུ་ནི་བོད་རིགས་ངལ་རྩོལ་མི་དམངས་ཀྱི་ཐུན་མོང་བའི་ངག་ཐོག་ནས་གསར་རྩོམ་དང་བརྒྱུད་སྤེལ་བྱས་ཚིགས་བཅད་བརྩམས་ཆོས་ཞིག་ལ་གོ། རིགས་ལ་དབྱེ་ན། ངལ་རྩོལ་གྱི་གླུ། གླུ་ཁ་མཚར། གླུ་ཤགས། ལ་གཞས། གཞས། བྱིས་གླུ་སོགས་མང་ངོ །

[3] ངང་བ་འདམ་ལ་ཆགས་ནས། ། རེ་ཞིག་སྡོད་དགོས་བསམས་ཀྱང༌། ། མཚོ་མོ་དར་ཁ་འགྲིགས་ནས། ། རང་སེམས་ཁོ་ཐག་ཆོད་སོང༌། །

[4] བོད་ཀྱི་གནའ་བོའི་རྩོམ་རིག་གི་རྣམ་པ་ཞིག་སྟེ། ཚིག་གི་གཅོད་མཚམས་དང་། ངལ་གསོའི་སྡོད་མཚམས་སོགས་ནི། ཡིད་ཀྱི་འགྱུར་བ་དང་བསྟུན་ནས་ཐོལ་བྱུང་དུ་གྱེར་བའི་བསམ་བའི་བརྩེ་དུང་དང་། ལྟ་བ་མ་ཚེན་ཐབས་བྱེད་པ་ཞིག་ཡིན། ནང་དོན་ནི་སྲིད་ཕྱོགས་དང་ཆོས་ཕྱོགས་སོགས་ཅི་རིགས་ཡོད་པ་དང་། སྔོན་གྱི་དུས་སུ་བཙན་པོ་ཚོའི་སྐུ་རིང་ལ་རྒྱལ་པོ་དང་བློན་པོའི་བར་ལ་བཞེངས་པའི་སྲིད་ཕྱོགས་ཀྱི་མགུར་གླ་དང་། དུས་ཕྱིས་སུ་རྗེ་མི་ལ་རས་པ་དང་། རིག་འཛིན་ཚངས་དབྱངས་རྒྱ་མཚོ་དང་། ཞབས་དཀར་ཚོགས་དྲུང་རང་གྲོལ་དང་། ལྕང་སྐྱ་རོལ་བའི་རྡོ་རྗེ་སོགས་རྣལ་འབྱོར་པ་དང་མཁས་གྲུབ་ཀྱི་སྐྱེས་ཆེན་ཚོས་བཞེངས་པའི་ཆོས་ཕྱོགས་ཀྱི་མགུར་སོགས་སོ། སྨོན་ལམ་ཚིག་མཛོད་ལས་དྲངས།

[5]

[7] བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསལ་འདྲེན་པའི་སྐྱ་རེངས། རྩོམ་པ་པོ་པདྨ་དབང་རྒྱལ་དང་གཡང་མོ་སྐྱིད། མི་རིགས་དཔེ་སྐྲུན་ཁང་།

[8] གླུ་དང་ལ་གཞས་ཀྱི་ཁྱད་པར་ལ་ཅུང་དཔྱད་པ་ལས་དྲངས། རྩོམ་པ་པོ། གཡང་། བོད་ཀྱི་རྩོམ་རིག་དྲ་བ།

[9] མི་ཆོད་ཞེས་པ་ནི་དུས་ཚོད་མི་འགྲོ་བའམ་ཆོད་དཀའ་བའི་དོན་ལ་གོ།

[10] ཨ་མདོ་ལ་གཞས་རྨ་ཀླུང་སྒེག་མོའི་རླབས་སྒྲ་ལས་དྲངས། རྩོམ་སྒྲིག་པ། བན་དེ་ཚེ་རིང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

[11] བཟའ་བ་ཞེས་པ་ནི་ཁྱོ་ག་དང་སྐྱེད་མེད་གཉིས་ལ་གོ།

[12]རང་ཉིད་ཀྱི་བྲིས་པའི་དཔེ།

[13]ཨ་མདོ་ལ་གཞས་རྨ་ཀླུང་སྒེག་མོའི་རླབས་སྒྲ་ལས་དྲངས། རྩོམ་སྒྲིག་པ། བན་དེ་ཚེ་རིང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

[14]ཨ་མདོ་ལ་གཞས་རྨ་ཀླུང་སྒེག་མོའི་རླབས་སྒྲ་ལས་དྲངས། རྩོམ་སྒྲིག་པ། བན་དེ་ཚེ་རིང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

[15]རང་ཉིད་ཀྱི་བྲིས་པའི་དཔེ།

[16]བྱི་་མོ་མ་རེད་ཞི་ལི་རེད།

[17]བོད་ཀྱི་ལ་གཞས་ལས་དྲངས།རྩོམ་སྒྲིག་པ།ཚེ་དཔལ་སྐྱབས་ཀྱིས་བསྒྲིག།

[18]ཨ་མདོ་ལ་གཞས་རྨ་ཀླུང་སྒེག་མོའི་རླབས་སྒྲ་ལས་དྲངས། རྩོམ་སྒྲིག་པ། བན་དེ་ཚེ་རིང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

དཔྱད་རྩོམ།

Post navigation

Previous Post: དཔའ་བོ་དཔའ་མོ་རྗེས་དྲན་ཐེངས་ལྔ་བ།
Next Post: བཀའ་ཤག་ནས་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་ཐད་ཀྱི་གསལ་བཤད་དང་གསར་འགོད་པའི་དྲི་བ།

Comments (3) on “བོད་ཀྱི་དམངས་ཁྲོད་རྩོམ་རིག་ལ་གཞས་སྐོར་རགས་ཙམ་དཔྱད་པ།”

  1. ཀརྡོ་རབ་འབྱམས་པ་ says:
    2017-11-11 at 11:08 am

    ་་་་་་་་་བོད་དབུས་ཁམས་གསུམ་ཀྱི་ཡུལ་ལུང་གོམས་གཤིས་དང་འབྲེལ་ནས་བརྗོད་ན། ཁམས་ན་སྒོར་གཞས་དར་ཁྱབ་ཆེ་ཞིང་། དབུས་ན་གཞས་དང་ནང་མ་དར་ཁྱབ་ཆེ། ཨ་མདོ་ན་ལ་གཞས་དང་ཁེད་སོགས་བཏང་སྲོད་ཆེ་་་་་་་་་

  2. བསེ་རུ་ཟང་ཐལ། says:
    2017-11-16 at 6:49 pm

    བཀའ་དྲིན་ཆེ། ཤིན་ཏུ་ལེགས། རྒྱུ་ཆ་བཟང་། བོད་དྲི་དྲོ། རིག་གཞུང་འཛོམས།🙏🏽

  3. ཀརྡོ་རབ་འབྱམས་པ་ says:
    2017-11-16 at 6:55 pm

    བཏང་སྲོད་ཆེ་་་་་་་་་
    འདི།
    བཏང་སྲོལ་ཆེ་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ། (71)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme