ཆར་བའི་ཁྲོད་ཀྱི་བུ་མོ།
རས་པ།
ནམ་མཁའ་ངུས་སོང
ཤམ་ཤམ་དུ་བཞུར་བའི་མིག་ཆུས
མི་ཡི་ལུས་པོ་ཡོངས་སུ་བརླན་ཞིང
བུ་མོའི་དཀར་སང་སིང་གི་སྐྲ་མཚམས་བསྲེས་ཏེ
ཞལ་རས་ཡོངས་སུ་སྒྲིབ
ཕྲག་དོག་འདི ཕྲག་དོག་འདི་ནི
ལྗོན་པའི་ཡལ་ག་ལ་མ་ཐེབས
ཁང་བའི་ཝ་ཁ་ལ་མ་བརྙབས
བུ་མོའི་མཁུར་ཚོས་ལ་རྒྱུ་བར་འདོད་པའི་ཞེན་པ་ཞིག་སྟེ
སྐྲ་ལོའི་ཉག་མ་རེ་རེ་ནི
གནམ་མཆོངས་དམག་མིའི་ཐག་པ་འདྲ
ཆར་བའི་དབྱངས་ལ་སྦྱར་བའི་མྱུར་མགྱོགས་ཀྱི་གོམ་ཁ
གནས་མལ་ལ་གཏོད་ཅིང
སྐྲ་མཚམས་ཕྱེས་པའི་ལག་པའི་འགུལ་བསྐྱོད་ལས་འཐོར་བའི
ཆུ་ཡི་མི་ཏིག་དཀར་པོས་ས་གཞིར་འཕྱག་འཕྱག་བྱེད་དམ
༢༠༡༡།༦།༡༧ཉིན།
{ཟུར་བརྗོད།} གནའ་མི་རྣམས་མྱ་ངན་གྱིས་ཧ་ཅང་མནན་པའི་དུས་ལ་ཕྱིར་དྲན་བྱེད་དུས་“མགོ་ལ་གནམ་གོར་གོར་ཅིག་བརྡིབས་སོང་”ཞེས་ཟེར། ཚོར་བ་འདི་ནི་སྡུག་གིས་ཧ་ཅང་གནོན་པའི་དུས་སུ་ནང་སེམས་ཀྱི་འཆར་སྒོ་ཡོངས་སུ་འགག་པའི་གནས་ལུགས་ལ་འགྲེལ་བརྗོད་ཡིན་སྲིད། ད་དུང་གནའ་མི་རྣམས་ཀྱིས་“མགོ་ནག་སྐྱིད་སྡུག་གནམ་གྱི་ལག་”ཅེས་ཀྱང་ཟེར། བཤད་སྟངས་འདི་ནི་གོང་དང་འདྲ་བར་མཚོན་པ་ཅན་ཞིག་མ་ཡིན་པར་འཚོ་བའི་མཐུན་ཕྱོགས་དང་ཉེ་བར་འབྲེལ་ཡོད་དུ་བརྗོད་ཡོད་སྲིད། གང་ལྟར་གནམ་ནས་བབས་པའི་ཆར་བ་འདིའང་སྡུག་གི་སྐྲ་མཚམས་བསྲེས་བྱེད་ཅིག་ཏུ་མི་འགྱུར་བའི་ངེས་པ་ག་ལ་ཡོད། དེ་ཡང་བོད་མིའི་ངོས་འཛིན་ཞིག་ཏུ་སྐྲའི་ལན་བུ་བཤིག་པ། སྐྲ་མཚམས་བསྲེས་པ། སྐྲ་གཟེང་པ་སོགས་ཀྱིས་འདུན་ངོ་(མྱ་ངན་བྱེད་པ་)སྟོན་པར་འགྲེལ་བཤད་གནང་འདུག ནམ་མཁའ་ནི་བོད་གནའ་མི་རྣམས་ལ་བལྟས་པའི་ཧ་ཅང་སྟོབས་ཆེན་པོ་ཞིག་སྟེ་“གནམ་རྒན་མ་”ཞེས་པའི་འབོད་པའང་བྱེད་ཀྱི་རེད། དེ་བས་ན་གནམ་ནི་བོད་མི་རྣམས་ལས་དབང་བཙན་པ། སྟོབས་ཆེ་བ་ཞིག་སྟེ་བོད་ཀྱི་སྐྱིད་སྡུག་ནི་དེ་དང་ཉེ་བར་འབྲེལ་བའོ།
ཞིབ་ཏུ་བསམ་པར་བྱ་བ་མེད་པ་མ་ཡིན་པར། ཆར་ཆུའི་ཁྲོད་དུ་གྲོང་ངེར་འགྲེང་བའི་མི་དང་ལྗོན་ཤིང་གཉིས་ལ་གནམ་ནས་བབས་པའི་ཆར་ཆུས་གནོད་ཚུལ་ཡོངས་སུ་མི་འདྲ་བ་འདི་ནི་“ཉེ་དགའ་ཕྱོགས་ལྷུང་”ཅིག་རེད་ཅེས་ཟེར་སྲོལ་མེད་ཀྱང་། གནམ་རྒན་མས་ལས་སྟངས་བྱེད་སྟངས་དེས་“གཅིག་གི་བདེ་བ་ཅིག་ཤོས་ཀྱི་སྡུག་བསྔལ་དུ་གྱུར་བར་”ངོས་འཛིན་ཅི་ལ་མི་ཐུབ། ཧ་ཅང་ཕངས་སེམས་བྱེད་དགོས་པ་ནི་བཤད་ན་ཉན་མཁན་ཞིག་དང་ཉན་ཚེ་གོ་མཁན་ཞིག་མ་ཡིན་པའི་གནམ་རྒན་པ་འདི་ཆར་ཆུའི་ཀློང་གི་བུ་མོར་བལྟས་པའི་སྟོབས་ཆེན་ཞིག་ཏུ་གྱུར་བ་འདི་དང་། ཡང་ན། ཆར་བ་འདི་བུ་མོའི་ལུས་པོའི་སྟེང་དུ་འཁྱུག་འཁྱུག་བྱས་ཏེ་བདེ་དྲོད་ཀྱི་ཚོར་བ་ཅིག་ལ་སྙེག་འདོད་དམ། དེ་མིན་ན་གྲུང་རིག་རིག་དང་བསིལ་སང་སིང་གི་བུ་མོའི་ལུས་པོར་ཕྲག་དོག་བྱས་པ་ཞིག་ཨེ་ཡིན། གང་ལྟར། ཆར་བའི་ཞེན་པ་དང་འདོད་པ། ཆགས་པ་འདི་ནི་ཡིད་མི་རངས་པ་དང་། སེམས་མི་དགའ་ས་ཞིག་ཡིན་པ་དེ་ཙམ་ལགས།
མྱི་བཟང་ངན་སུ་ཡིན་ཡང་། སྟོབས་ཆེ་ཆུང་ཇི་ལྟར་རུང་། “མྱི་རྒས་ན་ཡུལ།། བྱ་རྒས་ན་ཚང་།། ”ཞེས་གནའ་བོའི་གཏམ་ལ་ཡོད་པ་བཞིན་དང་། དམ་པའི་གསུང་ཚིག་ཁག་ཏུ་“ཤེས་རབ་ཅན་གྱི་བློན་པོ་ནི།། དགྲ་བོ་ཡིན་ཡང་བརྟེན་པར་བྱ།། ”ཞེས་ཀྱང་ཟེར། དགྲ་ཤེས་རབ་ཅན་བློན་དུ་བརྟེན་ཆོག་པའི་རྒྱུ་མཚན་ཡོད་ཕྱིར། རྒས་པོའི་མྱི་ལ་ཡུལ་གྱི་ཆེད་དགྲ་བོའི་ཇུས་ངན་པ་རང་སྐྱོང་གི་ནང་ནོམ་དུ་བླངས་མི་ཆོག་པའི་གཏན་ཚིགས་ཇི་ལྟར་ཡོད། འོན་ཀྱང། ཅི་ལྟར་ལེན་པའི་ཐབས་ལ་ནི་ཁོ་བོ་ཡོངས་སུ་རྨོངས་སོ།
མཛེས་མའི་ཁ་ཆུར་འགྲན་བའི་ཆབ་རྒྱུན་གང།།
ལུས་ཀྱི་རེག་བྱའི་ལོངས་སྤྱོད་མྱོང་ན་སྙམ།།
གཤེར་བའི་ལུས་ཀྱི་འདར་བ་མངོན་སུམ་ན།།
ཡང་ཡང་བཅུམ་པར་འོས་སོ་རས་པ་ལགས།།