བསེ་རུ། ཨོ་གླིང་།
(བཀུར་འོས་སྤྱི་འཐུས་བཞུགས་མོལ་ནང་གྲོས་ལམ་ལྷོང་ཡོང་བར་དྲན་སྐུལ་ཞུའོ།།)
༡ བཞུགས་སྒར་དྷ་ས་སྙིང་གི་དཔྱིད།།
གཞིས་བྱེས་བོད་མིའི་ཡིད་ཀྱི་རྟེན།།
འཕགས་མཆོག་ཕྱག་པདྨོ་མཁྱེན།།
སྨོན་འདུན་འགྲུབ་པའི་མགོན་སྐྱབས་མཛོད།།
༢ གཏི་མཐུག་བླུན་པོའི་ཁྱུ་ཚོགས་ལ།།
ཐུགས་རྗེའི་སྤྱན་རས་གཡོ་བར་མཛོད།།
མིག་ལྡན་གཡང་མཆོངས་མགྲིན་བཟང་ཚོ།།
ལོག་པའི་ལམ་ནས་སྐྱོབ་པར་མཛོད།།
༣ གཅིག་འོག་གཅིག་ཏུ་མི་འདུ་བར།།
ཁྲིམས་དང་སྒྲིག་གཞི་གདན་ལ་བཏིངས།།
རང་སྣང་གང་དྲན་བྲོ་གར་འཁྲབ།།
འཇིག་རྟེན་རྨོངས་པའི་ལྟད་མོར་གཡེངས།།
༤ ཁྲིམས་དང་ཁྲིམས་འགྲེལ་བར་གསེང་ན།།
མཐོ་བཤད་དམའ་བཤད་སྟོང་དུ་གྱེས།།
ཁྲིམས་དང་སྒྲིག་གཞིའི་འབྲུ་དོན་ལ།།
དཔོན་འབངས་རྨོངས་པའི་མལ་དུ་ཉལ།།
༥ ཀ་བ་བཅགས་དང་ཆག་པ་འདྲ།།
ཀ་བ་བསྒྱེལ་དང་འགྱེལ་བ་འདྲ།།
ཀ་བ་མཉམ་དུ་བསྙལ་བ་འདྲ།།
ད་ནི་སློང་བའི་དུས་ལ་བབས།།
༦ གངས་ཅན་སྐྱིད་གཤོངས་སྦར་མོ་འདྲ།།
སྤྱི་འཐུས་དེ་ཚོ་མཛུབ་མོ་འདྲ།།
ནང་མོལ་དོན་རྣམས་མཛུབ་རིས་འདྲ།།
འཛམ་གླིང་བོད་མིའི་མིག་ལ་གཟན།།
༧ དཀྲུགས་དང་འཁྲུགས་ཀྱི་བར་དོ་ན།།
སྤྱི་དོན་སྒེར་དོན་གཡང་ལ་ཟགས།།
རྒྱ་འདྲེ་གདོན་འདྲེའི་འཚང་ཁའི་ཁྲོད།།
ཞེན་ཁོག་རོ་ལངས་འཕག་འཚག་ཆེ།།
༨ མཛུབ་མོ་ལྔ་པོ་ཁ་གྱེས་པས།།
མཐུན་སྒྲིལ་ཁུ་ཚུར་ཨ་ཁ་ཁ།།
དགྲ་བོའི་གད་མོ་ཧ་ཧ་ཧ།།
སྤུན་ཟླའི་ངུ་སྐད་ཨ་མ་མ།།
༩ མང་གཙོའི་གཞུང་བཟང་དྲིན་ཅན་དེ།།
གློ་སྙིང་བྲང་གསུམ་ཕྲལ་ལ་བྲེལ།།
དོན་ལྔ་སྣོད་དྲུག་གཤགས་པར་བྲེལ།།
དབུགས་ཀྱི་རྒྱུ་བ་གཅོད་པར་བྲེལ།།
༡༠ དར་ནག་དར་དམར་མེ་ལ་སྲེགས།།
ཁྱི་སེང་སྤེན་ཕག་ཆུ་རུ་སྐྱུརད།།
སྲིད་ཟུར་སྲིད་སྐྱོང་མཚན་ནས་འབོད།།
ད་ནི་ངན་སྨོད་བྱེད་མཚམས་ཞོག།
༡༡ དྲ་ངོས་སྡིགས་རེས་ཆུ་རིས་འདྲ།།
དྲ་ལམ་ངུ་འབོད་བྲག་ཅ་འདྲ།།
དྲ་འབྲེལ་པར་རྫུན་འཇའ་རིས་འདྲ།།
དྲ་ངོགས་གཙང་ཕྱགས་སེམས་ནས་བྱོས།།
༡༢ བདག་འཛིན་རལ་གྲི་སོ་གཉིས་མས།།
རང་གཞན་སྲོག་གི་རྒྱུ་བ་གཅོད།།
བར་དོའི་རྣམ་ཤེས་འཁྱམ་པོ་ལ།།
ཁྲིམས་ཀྱི་གཉའ་ཤིང་གཅིག་ཏུ་ངེས།།
༡༣ མང་བཀུར་སྤྱི་འཐུས་དཀྱོག་དཀྱོག་ཚོ།།
སྲོང་པོའི་མདའ་ལས་འདྲོངས་པར་ཤོག།
མང་བཀུར་སྤྱི་འཐུས་འདྲོངས་པོ་ཚོ།།
འཁྱོག་པོའི་གཞུ་ལ་མ་འགྲན་ཅིག།
༡༤ ང་འགྱོད་ཁྱོད་ལན་མེད་པར་ཤོག།
ང་དྲང་ཁྱོད་རྫུན་མིན་པར་ཤོག།
ལམ་ནོར་ལྡོག་ཤེས་ཡིན་པར་ཤོག།
སྤྱི་དོན་སྲོག་བཞིན་བརྩི་བར་ཤོག།
༡༥ ཁྱོད་ཚོ་ང་ཚོ་སྤོང་གྱུར་ཅིག།
སེམས་དང་བསམ་པ་མཐུན་གྱུར་ཅིག།
སྤྱི་འཐུས་མི་གོ་ཆོད་གྱུར་ཅིག།
བྱོལ་སོང་གླེན་ལྐུགས་མིན་གྱུར་ཅིག།
༡༦ སྤྱི་སེམས་ཡོད་མདོག་མ་གནང་ཞིག།
སྒེར་དོན་མེད་མདོག་མ་གནང་ཞིག།
སྤྱི་སྒེར་གོ་ལྡོག་མ་གནང་ཞིག།
འཇིག་རྟེན་མིག་གིས་ཅི་ཡང་རིག།
༡༧ འབངས་ཀྱི་རྡོག་ཁྲེས་མ་གནང་ཞིག།
དམངས་ཀྱི་ཁུར་པོ་འཁུར་རོགས་གནང་།།
རེ་བའི་འདོད་དོན་སྒྲུབ་རོགས་མཛོད།།
འདི་ཕྱི་འགྱོད་དགོས་མ་གནང་རོགས།།
༡༨ གཞིས་ཀྱི་སེམས་པ་མ་གསོད་རོགས།།
བྱེས་ཀྱི་སྙིང་ཁ་མ་གཏོར་རོགས།།
༧རྒྱལ་བའི་ཐུགས་དགོངས་མ་དཀྲུགས་རོགས།།
སྤྱི་དོན་རླུང་ལ་མ་བསྐུར་རོགས།།
༡༩ ཆོས་སྲིད་བྱ་བའི་འཁོར་ལོ་སྐོརད།།
གཞིས་བྱེས་སེམས་ཁམས་བདེ་རུ་ཆུགས།།
ཞི་བདེ་བག་ཕེབས་ཡོང་བར་བརྩོནད།།
རང་སྐྱིད་མི་སྨོན་ཕྱོགས་ལ་གཞོལད།།
༢༠ ༧རྒྱལ་བའི་བརྟན་བཞུགས་དེ་རང་ཡིན།།
༧རྒྱལ་བའི་དགོངས་པ་དེ་རང་ཡིན།།
༧རྒྱལ་བའི་བཀའ་སྒྲུབ་དེ་རང་ཡིན།།
༧རྒྱལ་བའི་མཆོད་སྤྲིན་དེ་རང་ཡིན།།
༢༠༢༡/༩/༢༧ཉིན།
ཞབས་འདྲེན་རེད། ངོ་ཚ་རྒྱུ་མེད་མཁན་གྱི་སྤྱི་འཐུས་རྣམས། རྙོག་དྲ་འདི་ཁྱེད་རང་ཚོས་བཟོས་པ་རེད། བཙོག་པ་འདི་ཁྱེད་ཚོས་ང་རྒྱལ་གྱིས་བཟོས་པ་རེད། ༸གོང་ས་མཆོག་རྙོག་དྲ་འདིའི་ནང་ཕེབས་དགོས་པ་བཟོས་དགོས་དོན་མེད། ད་ལན་སོ་སོས་བཟོས་པའི་ཆང་དེ་སོ་སོས་འཐུང་མི་ཐུབ་པ་རེད་དམ། རྗེས་མར་ཡང་མི་ཡིས་ཆེད་དུ་བཟོས་པའི་རྙོག་དྲ་འདི་ལྟར་གྱི་ནང་ལའང་༸གོང་ས་མཆོག་ཐུགས་མི་བདེ་བ་བཟོ་རྒྱུ་ཡིན་ནམ། བཙན་བྱོལ་གཞུང་གི་འགོ་གཙོ་རྣམས་ཞབས་འདྲེན་རེད། སོ་སོའི་ལས་འགན་ལས་ནམ་བར་དུ་གཡོལ་ཐབས་བྱ་རྒྱུ་ཡིན་ནམ། བློ་སེང་གིས་བཟོས་པའི་རྙོག་དྲ་འདི་མི་གཅིག་གཉིས་ཙམ་གྱི་ང་རྒྱལ་ལ་བརྟེན་ནས་བྱུང་བ་རེད་ཀྱང་། བཙན་བྱོལ་གཞུང་གི་ད་ལྟའི་འགོ་གཙོ་རྣམས་ལ་ཁྲིམས་འགལ་གྱི་རྙོག་དྲ་འདི་ལྟ་བུ་ཞིག་གཙང་མ་བཟོ་རྒྱུའི་འཇོན་ཐང་མེད་ན། བོད་མི་མང་གི་བདེ་དོན་དང་མ་འོངས་བོད་ཀྱི་དཀའ་ངལ་ཇི་ལྟར་སེལ་རྒྱུ་ཡིན་ནམ། བསམ་བློ་ཐོངས་བོད་མི་ཚོ།