སྙན་ཚོམ།
འཛུམ་ཆུང་བཀྲ་ཤིས།
རྨི་ལམ།
ཀྱག་ཀྱོག་གི་ལམ་སྐེད་དུ་བགྲེང་ནས།
མག་མོག་གི་འདས་སོང་ལ་བལྟས་ཤིང།
རབ་རིབ་ཀྱི་མདུན་ལྗོངས་གླེང་དུས།
ཁ་ཕྱོགས་བྲལ་བའི་རྨི་ལམ།
མཚོ་ངོགས་ཀྱི་གཡོལ་གྲུ་བཞིན།
རྦ་རླབས་ཀྱིས་གང་སར་འཁྱེར་འགྲོ
རེ་སྒུག
ཁེར་རྐྱང་གི་ཚོར་བ་ཇེ་མཐུག་རེད་ལ།
དྲན་གདུང་གི་མིག་ཆུ་ཇེ་མང་རེད་མོད།
རྟག་ཏུ་རེ་ཞིང་སྒུག་པའི་རྒྱང་རིང་གི་ཁ་པར་དེ།
ད་དུང་མི་སླེབས་དོན་ཅི་ཡིན།
བཅོལ་ཡོད་པའི་ཡིད་ཆེས་བརླག་པ་ཡིན་ནམ།
ཁེས་བླངས་པའི་དམ་བཅའ་བརྗེད་པ་ཡིན།
བར་ཐག
ཁ་ཐག་རིང་བའི་གྲུ་ག་ཞིག་ནས།
རེ་སྐྱོ་རེ་སྡུག་གི་ལོ་ཟླ་གླུ་རུ་ལེན་དུས།
ཡོད་ཚད་རང་ཉིད་དང་རྒྱང་ཐག་རིང་དུ་འགྲོ
རིང་དུ་འགྲོ་བའི་ངང་ཚུལ་འདིས།
བག་ཆགས་ལྷག་མ་ཞིག་གི་རྨ་ཁ་བཞག་ཅིང།
དྲན་ཤིང་སྐྱུར་མོ་ཞིག་གི་གཏམ་རྒྱུད་བྲིས་བྱུང།
མི་ཚེ།
བསུན་སྣང་གི་རླུང་ཁ་ན་སྐྱོམས་པའི་སེམས་པ་དམར་པོ།
བཞུར་བཞིན་པའི་ཉིན་མཚན་གྱི་གཙང་ངོགས་སུ་གཡེང་ཞོར།
བོར་ཟིན་པའི་ཚེ་སྲོག་གི་དབྱངས་རྟ་འཚོལ་དུས།
ལང་ཚོའི་མེ་ཏོག་གི་འདབ་མ།
དུས་ཚིགས་ཀྱི་འགྱུར་བག་ཁྲོད་ཐོར་སོང།
ང།
རེ་སྒུག་གི་མིག་གོང་ན་སྨོན་འདུན་གྱི་མཆི་མ་ལྟེམ་ལྟེམ།
ཕྱིར་དྲན་གྱི་སེམས་ཁོངས་ན་བརྩེ་དུང་གི་གཏམ་རྒྱུད་ལྷང་ལྷང།
ཁེར་རྐྱང་གི་ལོ་ཟླ་དང་རྒྱུས་མེད་ཀྱི་གནམ་སའི་བར་ན།
དུས་གསུམ་གྱི་དྲན་ཤིང་དང་རོལ་དབྱངས་ལ་ཐིམ་པའི་ང།
༢༠༡༡་༠༧་༢༥