ལོ་གཉིས་ཀྱི་ཡར་སྔོན་ཞིག་ལ། ང་སྟབས་མ་ལེགས་པའི་གནས་ཚུལ་འདི་འདྲ་ཞིག་དང་འཕྲད་མྱོང་། ངའི་བཟའ་ཟླ་དང་ངེད་གཉིས་རླངས་འཁོར་བསྐོར་ནས་ནོས་ཡོག་གྲོང་ཁྱེར་ནང་བཅའ་དངོས་ཤིག་ཉོ་རུ་སོང་བ་ཡིན། གྲོང་ཁྱེར་གྱི་སྲང་ལམ་གང་སར་འཚངས་ཀ་ཆེན་པོ་འདུག ནོས་ཡོག་ཏུ་སླེབས་རྗེས། རླངས་འཁོར་བཀག་འཇོག་ཆོག་ས་ཞིག་ཏུ་རླངས་འཁོར་བཞག་རྗེས། ངེད་གཉིས་ལག་འཇུ་བྱས་ནས་འཁྱམས་ཉུལ་དུ་ཕྱིན། ངས་བཟའ་ཟླས་གློ་བུར་ ཚོང་ཁང་ཞིག་གི་སྒེའུ་ཁུང་ལས་མོ་རང་དགའ་མོས་ཆེ་བའི་གོན་པ་ཁག་ཅིག་མཐོང་སྟེ་འགྲོ་མཚམས་བཞག ངས་སྒེའུ་ཁུང་རྗེས་མའི་ནང་གི་སྒྲ་སྡུད་འཕྲུལ་འཁོར་དག་ལ་བལྟ་ཉུལ་བྱས། ཡུད་ཙམ་ནས་ངས་སླར་ཡང་བཟའ་ཟླའི་ལག་པར་བསྙབས་པ་ཡིན། དེར་བུད་མེད་ཅིག་གིས་སྐད་ཤུགས་ཆེན་པོའི་ངང་ང་ལ་འགྲམ་ལྕགས་ཤིག་གཞུས་སོང་། ང་རྟབ་རྟབ་པོར་གྱུར་ནས་ཞིབ་ཏུ་བལྟ་སྐབས། ད་གའི་ངས་ལག་འཇུ་བྱ་ཡུལ་དེ་ངའི་བཟའ་ཟླ་མ་ཡིན་པར། བུད་མེད་འགྲུལ་བ་གཞན་ཞིག་རེད་འདུག
རྒྱ་རིས་ཧོལ་ཕ་ར་མ་སི།
སྟབས་མ་ལེགས་པའི་ཉམས་མྱོང་།
ངའི་བྱེད་སྟབས་མ་བདེ་བའི་ཉམས་མྱོང་དེ་ནི། ང་རང་མཐོ་སློབ་མཐར་ཕྱིན་ནས། སྒྲོ་བུར་ཞེས་པའི་ས་ཁུལ་ནང་མཐོ་སློབ་ཅིག་ཏུ་སློབ་ཁྲིད་ལས་མགོ་འཛུགས་སྐབས། ཞོགས་ཀ་སྔ་བོར་ངའི་ལག་འདོགས་ཆུ་ཚོད་ཀྱི་ལུང་ཐག་ཐུང་སྟབས། ཅི་ཙམ་གྱོན་ཡང་ལག་མགོ་ནང་དུ་མ་ཤོངས། ངས་ཆུ་ཚོད་གཡུགས་ནས་མལ་ལས་ལྡང་། ཆུ་ཚོད་བརྒྱད་དང་སྐར་མ་སུམ་ཅུའི་ཐོག་སློབ་མགོ་འཛུགས་དགོས་པས། མྱུར་དུ་ཁྲུས་བྱས། ཁ་སྤུ་བཞར། གོན་པ་གྱོན་ཞོར་རླངས་འཁོར་དུ་མཆོངས་ཏེ་སློབ་གྲྭར་ཤར་བསྐྱོད་བྱས། ང་སློབ་གྲྭར་འབྱོར་སྒང་འཛིན་གྲྭ་ཚང་མར་སློབ་ཁྲིད་ཀྱི་དབུ་ཚུགས་ཚར་འདུག ཡིག་ཚང་ངམ་དགེ་རྒན་གྱི་ལས་ཤག་ཏུའང་མ་སོང་བར། ཐད་ཀར་ཐོག་མའི་ཚོགས་དུས་ཀྱི་འཇིན་གྲྭར་ཕྱིན། སྐར་མ་ཁ་ཤས་ཀྱི་རྗེས་ནས་སློབ་མ་ཚང་མས་བཞད་གད་ཀྱི་མགོ་བསླངས། ངས་རྒྱུ་མཚན་ཅི་ཡིན་མགོ་མ་ཚོས་པར་འཕྲལ་དུ་རང་ལུས་ལ་བལྟས་པས། ལྷམ་མགོ་ནག་པོ་ཞིག་དང་ཟངས་མདོག་ཅིག་སྟེ་ཆ་མི་མཚུངས་པའི་ལྷམ་ཞིག་གྱོན་འདུག
སི་གྲན་ལེ་མོའོ་རིའི་སི་ནས།
སྟབས་མ་བདེ་བའི་ཉམས་མྱོང་།
ངའི་ཆོ་ག་དང་ངེད་གཉིས་ཀྱིས་བསྡོད་ཁང་སར་བ་ཞིག་ཉོ་རྒྱུ་ཐག་བཅད་རྗེས། དངུལ་ཁང་དོ་དམ་པར་མཇལ་འཕྲད་ཀྱི་དུས་བཏབ་པ་ཡིན། ངས་དེ་སྔོན་ཁོང་ཞལ་མཇལ་མྱོང་མེད་སྟབས་ཅུང་ཞེད་ཀྱི་འདུག རླངས་འཁོར་བསྐོར་ནས་གྲོང་སྡེའི་དངུལ་ཁང་དུ་སླེབས། སྟབས་ལེགས་པ་ཞིག་ལ། དངུལ་ཁང་འཁྲིས་ཀྱི་རླངས་འཁོར་འཇོག་ཚུགས་ནང་། རླངས་འཁོར་འཇོག་སའི་ས་མིག་སྟབས་བདེ་ཞིག་རག་སོང་། ངས་ལམ་སེང་ས་སྟོང་དེར་རླངས་འཁོར་ཕྱི་སྣུར་བྱེད་སྐབས། རླངས་འཁོར་གཞན་པ་ཞིག་དེར་མྱུར་སྟབས་སུ་འཛུལ་སོང་། ངས་དངངས་ཚབ་སྐྱེ་ཞོར་རླངས་འཁོར་གཏོང་མཁན་དེར་སྐད་ཤུགས་ཆེན་པོས་སྡིག་མོ་སྣ་ཚོགས་བཏང་། ཁོང་ང་ལ་དོ་སྣང་ཅིའང་མེད་པར་ཕར་ཕྱོགས་སུ་བུད་སོང་། དེ་ནས་སྐར་མ་ཉི་ཤུ་ཡས་མས་ཀྱི་རྗེས་རླངས་འཁོར་འཇོག་ས་ཞིག་གཞི་ནས་རྙེད། ང་དུས་ཆད་ལས་སྐར་མ་བཅུ་འཕྱིས་འདུག་པས། མྱུར་སྟབས་སུ་རླངས་འཁོར་བཞག་ནས་དངུལ་ཁང་དུ་རྒྱུགས། དངུལ་ཁང་འགན་འཛིན་ཡིག་ཚང་གི་སྒོ་བརྡུངས་ཏེ་ནང་དུ་ཕྱིན། དངུལ་ཁང་དོ་དམ་པ་ནི་ཁོང་གི་མདུན་འཇོག་གི་རྒྱབ་ལོག་ཏུ་བསྡད་འདུག་ཅིང་། ཁོང་ནི་ད་གིན་ངའི་རླངས་འཁོར་འཇོག་ས་འཕྲོག་མཁན་གྱི་མི་དེ་རེད་འདུག
མར་སྒ་རིའི་གྲི་ལོ་ཁ་སྒྲི་ནས།
ཟུར་མཆན། གོང་གསལ་ཡི་གེ་དག་ནི་ལོ་ངོ་ལྔ་དྲུག་ཅིག་གི་གོང་བསྒྱུར་ཟིན་པའི་རྩོམ་ཡིག་ཐུང་ངུ་སྐོར་ཅིག་ཡིན་ལ། དེ་རིང་ཡིག་ཚགས་སྔོག་སྐབས་རང་གི་ཉིན་ཐོ་སྣ་ཚོགས་གཏམ་ཕྲེང་མ
སྟབས་མ་ལེགས་པའི་ཉམས་མྱོང་དངོས།
ང་རང་རྒྱལ་ཁབ་འདིར་འབྱོར་ཏེ་ཟླ་ངོ་ཁ་ཤས་ཀྱི་རྗེས་སུ་གཞི་ནས་སྐྱབས་བཅོལ་ལག་འཁྱེར་ཐོབ། སྐྱབས་བཅོལ་ལག་འཁྱེར་ཐོབ་རྗེས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལྟར་ཐོག་མར་སྤྱི་ཚོགས་གོམས་འདྲིས་དང་གཞུང་འབྲེལ་སྐད་ཡིག་སྦྱངས་ཕྱིར་ངེས་པར་དུ་སློབ་གྲྭར་འགྲོ་དགོས་བཞིན་ཡོད། སློབ་གྲྭ་དུས་ལྟར་སོང་ན་གཞུང་ངོས་ནས་རིན་མེད་མ་ཟད་དེའི་ཐོག་རང་ཉིད་ལ་རྒྱུན་གྲོན་ཁང་གླ་དང་ཟས་སོང་ཆེད་ཡུརོ་སྒོར་བདུན་བརྒྱ་ནས་བརྒྱད་བརྒྱ་ཙམ་གྱིས་ཟླ་ཕོག་རག་གིན་ཡོད། དེར་སྟངས་འཛིན་དང་བདག་སྐྱོང་བྱེད་མཁན་གྱི་མ་ཚབ་ལྟ་བུའི་ལས་བྱེད་ཅིག་ཆེད་དུ་བཞག་ཡོད།
ངའི་མ་ཚབ་ནི་༼མ་རི་ཀ་༽རེད་ཁོ་མོ་ནི་གཤིས་ཀ་འཇམ་ཞིང་བྱམས་སྐྱོང་ལྡན་པའི་གསར་དུ་ལས་ཀར་ཞུགས་མ་ཐག་པའི་བུད་མེད་ན་གཞོན་ཞིག་རེད། མོས་དུས་ལྟར་ང་ལ་སློབ་གྲྭར་འགྲོ་དགོས་བའི་བསྐུལ་མ་བྱེད་བཞིན་ཡོད། ངས་ཀྱང་ལགས་སོ་དང་ལགས་སོ་ཟེར་བཞིན་སློབ་གྲྭར་འགྲོ་དང་འགྲོ་བཞིན་པ་ཡིན་ཞེས་ལན་སྐྱོན་བཞིན་ཡོད།
ཉིན་ཞིག་ལས་ཀ་ནག་ལས་༼གཞུང་ཁྲལ་མ་རྒྱབ་པའི་ལས་ཀ༽ནས་ང་དང་ངའི་གྲོགས་པོ་གཉིས་བཅས་ཕྱིར་ཡོང་སྐབས་ལས་ཀ་ལས་ཡུལ་གྱི་ཉེ་འགྲམ་ན་མེ་འཁོར་འབབ་ཚུགས་ཅིག་ཡོད་པ་དེ་ནས་ཚོུད་སྐར་མ་འགའ་སྒུག་རྗེས་མེ་འཁོར་སླེབས། ང་ཚོ་གསུམ་མེ་འཁོར་ནང་མགྱོགས་པོར་ཡར་འཛུལ་བ་དང་ང་ནི་ཉེ་འགྲམ་ན་་བུ་མོ་བཞིན་ལེགས་མ་ཞིག་ཡོད་པ་དེའི་འཁྲིས་སུ་བསྡད་པ་ཡིན།་ཁོ་གཉིས་རྒྱབ་ལོག་ན་སྡོད་ས་སྟོང་པ་ཞིག་ཡོད་པ་དེར་སོང་། དུས་ཡུན་གང་འཚམ་ཞིག་གི་རིང་ངས་བུ་མོ་དེའི་གདོང་ལ་བལྟ་མ་ཕོད་པར་ཁ་ཚུར་འཁོར་ནས་བསྡད། མཚམས་ཤིག་ལ་ག་ལེར་ག་ལེར་སྒེའུ་ཁུང་ལ་བལྟ་ཞོར་བུ་མོའི་གདོང་ལ་མིག་ཞར་ཞིག་བྱས་དུས་མ་སོང་ས་ནས་བོུ་དེ་ནི་ངའི་མ་ཚབ་མ་རི་ཀ་རེད་ཤག