ལན་མ་རྙེད་པའི་དྲི་བ།
རང་རང་གི་བདེ་སྡུག་གི་བྱེད་པོ་རང་རང་རེད། ཡིན་ན་ཡང་ངའི་ནམ་རྒྱུན་གྱི་དྲི་བ་ནི། ང་ཚོར་མགོ་དང་དེའི་ནང་དུ་བསམ་བློ་གཏོང་སྤྱད་ཀྱི་ཀླད་པ། རྐང་ལག་དང་དེའི་སྣེ་རུ་དངོས་པོ་འཇུ་བཟུང་བྱེད་སྤྱད་ཀྱི་མཛུབ་མོ་དང་སེན་མོ། ཁ་དང་དེའི་ནང་དུ་སྐད་ཆ་བཤད་སྤྱད་ཀྱི་ལྕེ་དང་ཟ་མ་བཟའ་སྤྱད་ཀྱི་སོ་ཕྲེང་། མིག་དང་དེའི་ནང་དུ་ཕྱི་རོལ་མཐོང་ཐུབ་པའི་མིག་གི་རྒྱལ་མོ། རྣ་བ་དང་དེའི་ནང་དུ་སྒྲ་སྐད་གོ་སྤྱད་ཀྱི་རྣ་དབང་། སྣ་དང་དེའི་ནང་དུ་དྲི་མ་མྱོང་བྱེད་ཀྱི་སྣ་དབང་། འདོམ་དང་དེའི་ངོས་སུ་མི་རྒྱུད་སྤེལ་བྱེད་དང་བདེ་བ་མྱོང་བྱེད་ཀྱི་ཕོ་མཚན་མོ་མཚན་སོགས་ཅིའི་ཕྱིར་ཡོད་པ་རེད། ཅིའི་ཕྱིར་བེད་སྤྱོད་མེད་པ་གཅིག་ཀྱང་མེད་པའི་དངོས་པོ་འདི་དག་ང་ཚོའི་ལུས་སྟེང་དུ་གྲུབ་པ་རེད། ཆེས་ཐོག་མའི་གྲུབ་སྟངས་དེ་ཅི་འདྲ་རེད། མཐའ་ཡས་པའི་འཇིག་རྟེན་གཞན་གྱི་སེམས་ཅན་དེ་དག་གི་དབྱིབས་གཟུགས་ཇི་འདྲ་ཞིག་ཡིན་མིན་སོགས་རེད། མཚན་མོ་རེ་རེ་བཞིན་ངས་མིག་གིས་ནམ་མཁར་བལྟས་ནས་སྐར་ཚོགས་དེ་ཚོ་གང་ཞིག་གི་སྟེང་དུ་སྲོག་ལྡན་གྱི་རིགས་ཡོད་དམ། གང་ཞིག་གི་སྟེང་དུ་ང་ཚོ་ལས་ལྷག་པའི་བདེ་སྐྱིད་ཀྱི་འཚོ་བར་རོལ་མཁན་ཡོད་དམ། གང་ཞིག་གི་སྟེང་དུ་ང་ཚོ་ལས་སྐྱོ་བའི་སྡུག་བསྔལ་མྱོང་མཁན་ཡོད་དམ། ང་རང་གི་སྐྱེ་བ་སྔོན་མ་དུང་ཕྱུར་ཇི་ཙམ་ཞིག་སྐར་མ་དེ་དག་གི་སྟེང་དུ་འཚོ་བ་རོལ་མྱོང་ཡོད་དམ། ངའི་ཨ་མ་དང་ཕ་རྒན་སོགས་ཀྱི་སྐྱེ་བ་ཅི་ཙམ་ཞིག་ས་ཡི་གོ་ལ་འདིའི་སྟེང་དུ་བླངས་ཡོད་དམ། ངའི་ཕ་མ་གཉིས་གྲོངས་རྗེས་སྐྱེ་བ་རྗེས་མ་དེ་གང་ཞིག་ཏུ་སྐྱེ་འམ། གོང་ས་ཡིད་བཞིན་ནོར་བུ་མཆོག་འདི་ཉིད་ཀྱང་སྐུ་ཚེ་རྗེས་མ་དེར་ཡང་སྐྱར་རྒྱལ་དབང་སྐུ་ཕྲེང་བཅོ་ལྔ་བ་ཞིག་གི་རྣམ་པར་བྱོན་ཡོང་ངམ། ཡང་ན་དག་པའི་ཞིང་དང་མ་དག་པའི་ཞིང་གཞན་པ་དག་ཏུ་སེམས་ཅན་གྱི་དོན་མཛད་བཞིན་ཡོད་དམ། ད་ལྟའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་འདི་ནི་སྐུ་ཕྲེང་བཅུ་བ་དེའི་སྐུ་གསུང་ཐུགས་སྤྲུལ་གང་ཞིག་ཡིན་ནམ། ཅིའི་ཕྱིར་ཁོང་གིས་སྐུ་ཕྲེང་གཉིས་ཀྱི་རིང་ལ་རྒྱ་མིའི་ལག་འོག་ནས་སྡུག་པོ་མྱོང་དགོས་བྱུང་བ་ཡིན་ནམ། དེ་ནི་ཁོང་གི་ལས་དབང་ཡིན་ནམ། ཡིན་ན་ཚུལ་བསྟན་འབའ་ཞིག་ཡིན། གལ་སྲིད་ང་རང་ཤི་རྗེས་རྒྱ་མིའི་ཁྱིམ་ཚང་ཞིག་ཏུ་སྐྱེས་པ་ཡིན་ན་བོད་ཀྱི་མི་རིགས་ལ་འབྲེལ་འདྲིས་ཡོད་མཁན་ཞིག་གམ་ཡང་ན་བོད་པ་ཟེར་ན་གདོང་བ་གནག་པའི་རྒྱ་མི་ཞིག་ཏུ་འགྱུར་རམ། ཅིའི་ཕྱིར་དུས་རབས་ཉི་ཤུ་བ་དང་ཉེར་གཅིག་པ་འདི་ནི་འཛམ་གླིང་གི་ལོ་དུང་ཕྱུར་མང་པོའི་ལོ་རྒྱུས་ཁྲོད་ཀྱི་ཚན་རིག་ཡར་རྒྱས་དང་གོ་ལའི་ཚ་དྲོད་ཇེ་མཐོར་འགྲོ་བ་སོགས་སའི་གོ་ལའི་ཚེ་སྲོག་དང་འབྲེལ་བ་ཡོད་པའི་དུས་རབས་གཉིས་ཆགས་པ་ཡིན་ནམ། སོགས་དྲི་རྟགས་སྣ་ཚོགས་ཀྱིས་སེམས་ཁམས་ཡོངས་སུ་ཁེངས་ཡོང་གིན་འདུག