ཨ་འབྲུག་དཀོན་མཆོག
འབྲི་རྩོམ་བྱེད་པ་ནི་ལད་མོ་གཏན་ནས་བྱེད་རྒྱུ་མེད་པའི་བྱ་གཞག་ཅིག་རེད་ལ། འབྲི་རྩོམ་ལ་ལད་མོ་བྱེད་པ་ནི་འགྲོ་བ་མིའི་ཤེས་རབ་དང་ཤེས་རིག་གི་ཉམས་རྒུད་ཆེན་པོ་ཞིག་རེད། བོད་ཀྱི་ཕུལ་བྱུང་རྩོམ་པོ་ཞིག་གིས་དེ་སྔ་འགྲུབ་མ་ཐག་པའི་བརྩམས་ཆོས་ཀྱི་ཤུལ་རྒྱུན་སྟེང་དུ་སླར་ཡང་མགོ་ཞིག་རྩོམ་དགོས་པ་ནི་རྩོམ་རིག་སྒྱུ་རྩལ་གྱི་གཏན་གནས་ཆོས་ཉིད་རེད་ཅེས་བཤད་མྱོང༌། ང་ཚོ་རྩོམ་གྱི་ལས་སུ་ཐོག་མར་ཞུགས་དུས་རྩོམ་འབྲི་བ་ནི་ཚིག་གི་སྡེབ་སྦྱོར་སྒྲིག་སྟངས་ཀྱི་སྦྱོང་བརྡར་ཞིག་ཏུ་ངོས་འཛིན་བྱེད་སྲིད་ལ། རྩོམ་འབྲི་བ་ནི་གནད་དོན་གཅིག་གསལ་འདོན་དང་གསེད་བཀྲོལ་བྱེད་པ་ཞིག་ཏུ་ངོས་འཛིན་ཀྱང་བྱེད་སྲིད། ལྷག་པར་དུ་རིགས་འགའ་ཞིག་གིས་རྩོམ་ཡིག་ནི་དེ་སྔ་ནས་གཏན་འཁེལ་བྱས་ཟིན་པའི་ནང་དོན་ཞིག་གི་སྒྲོམ་གཞི་ཞིག་དང༌། དེ་སྔ་ནས་གཏན་ཆགས་སུ་སོང་བའི་ཚིག་སྦྱོར་གྱི་ར་བ་ཞིག་ནས་འཁོར་བསྐྱོད་བྱེད་ཀྱི་ཡོད་ཅིང༌། ད་དུང་དེ་ལས་སྡུག་པ་ཞིག་ལ་བྱེད་སྤྱོད་དེ་རིགས་གཉེར་མཁན་རིགས་ལ་རྩོམ་པ་པོ་ཞེས་པའི་ཆོ་ལོ་ཡང་ཐོབ་ཀྱི་ཡོད་པ་རེད། ང་ཚོས་རྗེ་བཙུན་མི་ལ་རས་པ་དང༌། འཇམ་མགོན་ས་སྐྱ་པ། རྗེ་ཙོང་ཁ་པ། མཁས་དབང་དགེ་འདུན་ཆོས་འཕེལ་སོགས་ཀྱི་གསུང་རྩོམ་ཀློག་སྐབས་ཁོང་ཚོའི་ཤེས་རབ་དང༌། ལྟ་བ། དཀའ་ཐུབ་དང་སྙིང་སྟོབས། མི་གཤིས་དང་སེམས་ཁམས་ལ་སོགས་པ་མཐོང་གི་ཡོད་ལ། དེ་དག་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་གཤིས་རེ་རེས་རང་རྐྱ་འཕེར་བའི་རང་གཟུགས་ཤིག་མངོན་གྱུར་བྱས་ཡོད་པ་དེ་མཐོང་ཐུབ་ཀྱི་ཡོད་པ་རེད།
དེ་ལས་མང་བ་། “སློབ་གྲོགས་ཤིག་གི་དྲིས་ལན་དུ་ཕུལ་བའི་བསམ་ཚུལ་ཐུང་ངུ༌།” »


