སྤོབས་པ་མཐའ་ཡས།
དེ་རིང་རང་རེའིཁ་བརྡ་གླེང་སྟེགས་ཀྱི་རྩོམ་སྒྲིག་པས་བོད་མིའི་དད་མོས་མངོན་འདོད་དང་འགལ་བའི་གཏམ་བཤད་རྒྱལ་བ་རིན་པོ་ཆེར་སྐྱོན་བརྗོད་ཀྱི་རིགས་ལྟ་བུ་སྤེལ་ན་ཀློག་མཁན་མང་པོའི་སེམས་ཁམས་ལ་ཕོག་ཐུག་འགྲོ་བས་བསུབ་གང་ཐུབ་བྱ་རྒྱུ་ཡིན་ཚུལ་དང་ད་དུང་གཏམ་བཤད་གང་དང་གང་རིགས་བསུབ་དགོས་ཚུལ་ཤོད་དགོས་ཞེས་སྤེལ་འདུག རང་གི་སྤྱི་ཚོགས་འདིའི་ཕན་བདེའི་བཙས་སུ་འགྱུར་བ་གང་ཞིག་མཆིས་ཀྱང་དེ་དང་དེ་ནིརྗེས་སུ་ཡི་རང་གི་གནས་སུ་གྱུར་པ་ལགས་སྟབས་དེ་དེ་བཞིན་ནོ་ཞེས་ཞུ་བ་ལགས།
ང་ལྟ་བུར་མཚོན་ན་དྲྭ་སྟེགས་འདིར་བཀླགས་ན་ཆེས་མི་སྐྱིད་པ་ཞིག་ནི་མི་ལ་ལས་རང་ཉིད་ཀྱིས་དང་བ་སྟོན་མི་འདོད་པ་ཞིག་བྱུང་མ་ཐག་ཏུ་མངོན་ལྐོག་བརྒྱུད་གསུམ་ནས་ཤུགས་ལྡན་ཚོགས་མི་དང་རྒྱ་དམར་གྱི་གསང་ལས་པ་སོགས་ཀྱི་བསྙོན་འཛུགས་ཀྱིས་རབ་ན་བོད་མིའི་གྲལ་ནས་ཕུད་ཐབས་དང་དེ་མ་བྱུང་ན་ཡང་ཁ་བརྡ་གླེང་སྟེགས་ཀྱི་ནང་ནས་ཕུད་ཐབས་བྱེད་བཞིན་པ་དེ་རེད། བསམ་བློ་ལེགས་པོ་ཞིག་བཏང་ན་ཤུགས་ལྡན་ཚོགས་མི་དང་རྒྱ་དམར་གྱི་གསང་ལས་པ་ཡིན་པའི་དཔང་རྟགས་ཁུང་འཁྱོལ་ཞིག་མེད་ན་དེ་ལྟར་གླེང་རྒྱུ་ནི་ལས་སླ་པོ་ཞིག་མིན། གལ་ཏེ་རྩེད་མོ་བྱེད་བཞིན་ཡོད་ཟེར་ཡང་རྩེད་མོ་ལ་ཡང་མཚམས་དང་ཚད་ཅིག་ལོས་ཡོད། རྒྱ་དམར་གྱི་གསང་ལས་པ་དང་ཤུགས་ལྡན་ཚོགས་པ་གཉིས་ནི་རང་རེའི་སེམས་ནང་ན་ཆེས་མི་སྡུག་པའི་དངོས་པོ་གཉིས་ཡིན་སྟབས་ཁྱེད་ལ་མི་ཞིག་གིས་་དེ་ལྟར་བསྙོན་འཛུགས་བྱེད་ན་དེ་ཁྱེད་རང་གི་སེམས་ལ་གནོད་དམ་མི་གནོད།
ཉི་མ་འདི་ཚོ།
ཉི་མ་ལྔའི་རིང་མི་དང་ཐུག་ཕྲད་མེད་ལ་གློག་ཀླད་དང་ཁ་པར་ལ་ལག་པ་མ་འཆང་བར་ནང་ལ་འཛུལ་ནས་སེམས་པ་ལྷོད་ལྷོད་བྱས་ཏེ་བསྡད་པས་དངོས་གནས་འཇིག་རྟེན་གཞན་ཞིག་ཏུ་བསླེབས་པ་ལྟ་བུ་བྱུང་། ཡིན་ན་ཡང་། ད་ལྟ་གཞི་ནས་གློག་ཀླད་ཀྱི་སྒོ་ཕྱེ་དུས། དྲ་གྲོགས་ཚོ་དང་ཁ་བརྡ་གཉིས་ཀ་མཉམ་དུ་དགའ་རབ་ཅིག་ཇེ་བཙན་དུ་སོང་འདུག དེ་ནས་དུས་བབ་ལ་ཅིག་བལྟས་པ་ན། ཉིན་འགའི་སྔོན་གོང་ས་མཆོག་སྐུ་ཁམས་ཅུང་མ་བདེ་བར་སྨན་ཁང་དུ་ཕེབས་ཚུལ་འདུག་པས། རང་དབང་མེད་པར་ཁོང་འདར་ཞིག་ཤོར། ཡིད་བཞིན་ནོར་བུ་སྐུ་ཚེ་བརྟན་པར་སྨོན། དེ་ནས་རྒྱ་མི་ཞིག་གིས་བྲིས་པའི་གོང་ས་ཏྰ་ལའི་བླ་མ་མཆོག་གི་སྙན་དྲུང་དུ་ཞེས་པ་དེ་ཀློག་ཞོར་དང་ངུ་ཞོར་བྱས། གལ་སྲིད་རྒྱ་རྒན་འདི་ཚོ་རྩོམ་ཡིག་འདི་འབྲི་མཁན་ལྟ་བུ་རེ་ཡིན་ན་བོད་ལ་རང་སྲིད་རང་སྐྱོང་སང་ཉིན་རང་འཐོབ་རྒྱུ་ངེས་ཅན་རེད། ཅིའི་ཕྱིར་རྒྱ་མི་འདི་ཚོ་ཀྲུའུ་རིའུ་ལྟ་བུའི་བོད་མིའི་སེམས་ཁོང་གི་སྡུག་བསྔལ་ཚོར་ཐུབ་མཁན་ཞིག་མིན་པ་རེད། གལ་སྲིད་རྒྱ་མི་མང་པོ་ཞིག་ཀྲུའུ་རིའུ་ལྟ་བུ་ཞིག་ཡིན་ན་ཡང་དེ་དག་ལས་སུ་ཞིག་གིས་རང་ཉིད་ཀྱི་འཚོ་གནས་བློས་བཏང་སྟེ་སྤུན་ཟླ་མི་རིགས་ཀྱི་བདེ་སྡུག་གོ་ཤེས་མེད་པའི་སྲིད་གཞུང་ཞིག་ལ་བརྗོད་ཀྱི་རེད། འདི་ལ་ངོ་མ་ཀློག་རིན་འདུག རྒྱ་མོ་སི་ཕི་རིན་ཞེས་པ་ཞིག་གིས་ས་གནས་འདིའི་བོད་པ་ཚོ་དང་རྒྱ་རྒན་འགའ་མཉམ་དུ་བསྡུས་ནས་བོད་རྒྱའི་གྲོས་མོལ་ཞིག་བྱེད་རྩིས་འདུག་པས། རྒྱ་རྒན་དེ་ཚོའི་ཁྲོད་དུ་ཡང་གོང་གི་ཀྲུའུ་རིའུ་ལྟ་བུ་རེ་ཡོད་ན་མ་མཐའ་ཡང་ཕན་ཚུན་གོ་བརྡ་འཕྲོད་ཙམ་ཞིག་ཡོང་གི་རེད།…