སྤོབས་པ་མཐའ་ཡས།
དྲྭ་གྲོགས་ཚོར་ཀྲ་ཤིས་བདེ་ལེགས་ཞུ། གློག་ཀླད་བེད་སྤྱོད་མ་བྱས་ནས་ཉིན་འགའི་རིང་ངས་ཁྱོད་ཚོ་དངོས་གནས་དྲན་བྱུང༌། ངས་སྔོན་མ་ཞིག་ལ་ཟམ་གདོང་སྤྲུལ་སྐུ་མཇལ་བྱུང༌། ངས་འདི་ལྟར་བཤད་སྐབས་ཁྱེད་ཚོའི་སེམས་ལ་ངས་ཆེད་དུ་མགོ་སྒུར་དང་སྒྱིད་པ་གུག་གུག་གིས་་གྱིས་སྙན་ཞུ་ཐུང་ཐུང་ཞིག་དང་རྔན་པ་ཆུང་ཆུང་ཞིག་ཁྱེར་ནས་ཟམ་གདོང་སྤྲུལ་སྐུའི་དྲུང་དུ་བཅར་བའི་ཚོད་དཔག་བྱེད་རྒྱུ་རེད། དེ་ངས་ཤེས་ཀྱི་ཡོད། ཡིན་ན་ཡང་དོན་དངོས་སུ་དེ་འདྲ་ཞིག་མ་རེད། ཞོགས་པ་ཞིག་ལ་ང་སྨན་རྩིས་ཁང་གི་སྒོ་འགྲམ་བརྒྱུད་ནས་རྡ་རམ་ས་ལ་ཤོད་དུ་འགྲོ་བཞིན་པའི་སྐབས་སུ་སྨན་རྩིས་ཁང་གི་སྒོ་འགྲམ་ལམ་ཁུག་དཀྱོག་དེའི་མཚམས་སུ་གདོང་གཏུག་གིས་ཐུག་བྱུང༌། ངས་རྒྱུན་དུ་ནམ་རྒྱུན་ཁོང་དང་མཉམ་དུ་སྐུ་སྲུང་དང་སྐུ་འཁོར་ཡོད་པར་རློམ་བཞིན་ཡོད་ཀྱང་ཞོགས་པ་དེར་ཁོ་རང་ཁེར་རྐྱང་དུ་ག་ལེར་གངས་ཅན་སྐྱིད་གཤོང་གི་ལས་ཁུངས་ཁག་གི་ཕྱོགས་སུ་ཕེབས་ཀྱིན་འདུག ངས་མ་གཞི་ཁོང་ཚོགས་འདུའི་སྐབས་དང་དེ་མིན་གློག་བརྙན་ནང་ཁོ་ན་ནས་མཐོང་མྱོང་སྟབས་གློ་བུར་དུ་ཐག་ཉེ་དེ་འདྲ་ཞིག་ནས་ཐུག་སྐབས་འདི་ཟམ་གདུང་སྤྲུལ་སྐུ་ཡིན་ནམ་མ་ཡིན་སྙམ་པའི་སྣང་བ་ཞིག་ཀྱང་བྱུང་སོང༌། དེ་ལྟར་བྱུང་སྟབས་གུས་པ་མཚོན་པའི་འཚམས་འདྲི་ཞིག་བྱེད་དགོས་མོད་གང་ཞིག་ཤོད་དགོས་པ་དང་རྣམ་འགྱུར་གང་འདྲ་ཞིག་སྟོན་དགོས་པ་ཡང་ཤེས་ཀྱིན་མི་འདུག ཁོང་ལ་ཐུག་རིག་ཧ་ཅང་གྲུང་པོ་ཞིག་ཡོད་ངེས་རེད། ངའི་གདོང་ལ་གི་རྣམ་འགྱུར་སྟོན་སྟངས་ཞིག་ལས་ཁོང་གིས་ངའི་སེམས་པ་ཡོངས་རྫོགས་མཐོང་སོང༌། ཁོང་གི་ཞལ་ལས་བྱམས་བརྩེའི་ཉམས་ཞིག་མངོན་བཞིན་མཛུམ་མདངས་ཤིག་ཤིག་གནང་བྱུང༌། དེར་ངས་ཀྱང་རིན་པོ་ཆེ་ཞོགས་པ་བདེ་ལེགས་ཞེས་པ་ཞིག་ཁ་ནས་ཐོན་ལ་མི་ཐོན་གྱིས་སྨྲས་པ་ཡིན།
རྒྱུ་མཚན་དེས་ངས་བསམ་གཞིག་མང་པོ་ཞིག་བྱེད་དགོས་བྱུང་སོང་ལ་ད་དུང་ཡང་མཚམས་མཚམས་སུ་ཉམས་རྒུད་དུ་ཐེབས་པའི་མི་རིགས་འདིའི་ལས་དབང་དང་མཉམ་དུ་ཞོགས་པ་དེའི་ཟམ་གདོང་སྤྲུལ་སྐུའི་སྣང་བརྙན་དེ་ཡང་ཚོར་བ་མངར་སྐྱུར་འདྲེས་མ་ཞིག་གི་ངང་ནས་མངོན་ཡོང་གིན་འདུག ཆོས་རྒྱལ་ཁྲི་སྲོང་གིས་སུམ་གཉིས་ས་ལ་མངའ་དབང་བསྒྱུར་སྐབས་ཀྱི་རྟ་དམག་ཁྲི་ཕྲག་གིས་བསྐོར་ཞིང་ཕྱོགས་བཞིའི་རྒྱལ་ཕྲན་སྟོང་གི་གཙུག་རྒྱན་ལ་ཞབས་ཀྱི་པདྨོ་འགོད་པའི་དྲག་ཤུགས་དེ་དང་དཔལ་ལྡན་ས་སྐྱས་བོད་ཆོལ་ཁ་གསུམ་ལ་ཀའ་ལུང་གི་སྤྲིངས་ཡིག་འགྲེམ་པའི་རྫོགས་ལྡན་གྱི་དུས་རབས་དེ་དག་དང་དེ་རིང་གི་ཟམ་གདོང་སྤྲུལ་སྐུ་ལས་ཁུངས་སུ་ཕེབས་སྟངས་བསྡུར་སྐབས་དུས་ཡུན་མི་རིང་མི་ཐུང་ཞིག་ལ་རང་རེའི་རྒྱལ་ཁབ་དེ་འདི་འདྲ་བའི་ཐབས་སྐྱོ་བོ་ཞིག་གི་གནས་སུ་གྱར་འདུག་པ་ཡང་མིག་མཐོང་གི་ལམ་ནས་ངོ་འཕྲོད་བྱུང༌། གངས་ཅན་སྐྱིད་གཤོང་གི་ཐལ་རྡུལ་སྟུག་པོ་དེའི་ཁྲོད་ན་གྲོགས་མེད་ཁེར་རྐྱང་གིས་ཞོགས་པའི་གྲང་རླུང་གདོང་གིས་བསུས་ནས་འདུར་བཞིན་པའི་གནས་བསྟན་བགྲེས་པོ་འདི་ནི་བོད་དང་བོད་ཆེན་པོ་ཞེས་ཡོངས་སུ་གྲགས་པའི་རྒྱལ་ཁབ་དེའི་དེ་རིང་གི་ཆེས་མཐོའི་དབུ་ཁྲིད་རེད།
དེ་ལས་མང་བ་། “ཟམ་གདོང་རིན་པོ་ཆེ་དང་མཇལ་འཕྲད་ལས་འཕྲོས་པའི་གང་དྲན་གྱི་གླེང་མོལ།” »