Lhaomodhondup Yutsang
མགོ་ནག་མི་ལ་ཁྱད་མཚར་གྱི་དགེ་མཚན་ཞིག་ལྡན་པ་ནི་རང་གི་མདུན་དུ་ལྷག་པའི་གནད་དོན་ལ་བསམ་ཤེས་པའི་རྣམ་རིག་གི་ས་བོན་ཞིག་ཤ་ཁྲག་གདོས་བཅས་ཀྱི་ཕུང་བོའི་གཤིན་ས་འདིར་བཏབ་ཡོད་པར་འཁུམས་ལ། མི་ཞིག་ཏུ་སྐྱེས་པའི་འོས་འགན་ལྕི་ཤོས་ཀྱང་རྙོག་འཛིང་ཆེ་བའི་རང་བྱུང་ཁམས་དང་སྤྱི་ཚོགས་ཀྱི་ཁོངས་སྣེ་གང་མང་བརྒྱུད་ནས་རང་གི་རྣམ་ཤེས་ཀྱི་རྣོ་དབལ་དར་ཞིང་རྒྱས་པར་བྱས་ཏེ། རང་གི་ཚེ་སྲོག་ལ་ནམ་ཡང་ནུབ་མི་སྲིད་པའི་འོད་མདངས་ཤིག་བསྐྲུན་རྒྱུ་འདི་རེད། དེས་རྐྱེན་པས་མིའི་རིགས་འཕེལ་ནས་ད་བར་མི་བུ་རེ་རེས་རང་གི་རྐང་རྗེས་ས་ལ་བསླན་ཕྱིར་སྡུག་ས་ན་ཡོད་པ་ཐམས་ཅད་ཕྲག་ཏུ་བླངས་ནས་ཕྱིར་རང་བྱུང་ཁམས་དང་སྤྱི་ཚོགས་འཚོ་བར་འཐབ་འཛིང་བྱེད་པའི་དམག་ཐབས་སྣ་ཚོགས་བཏོན་ནས། ལྟ་བ་དང་གྲུབ་མཐའ་ཅི་རིགས་ཀྱི་ཟུང་ཁྲག་ལ་བརྟེན་ནས་འཁོར་བསྐྱོད་བགྱི་བའི་ང་ཚོའི་མིག་ལམ་གྱི་བདེ་ཞིང་སྐྱིད་པའི་དག་ཞིང་འདི་གྲུབ་པ་རེད།
དེ་བས། ང་ཚོས་ཀྱང་རང་ཉེན་ཁ་ལས་སྐྱོབས་ཆེད་ཆོས་ཉིད་ཀྱི་ལམ་ཐིགས་འདི་བསྙེག་དགོས་པ་བསྙོན་མེད་རེད་ལ། དེ་ནི་ང་ཚོས་རང་གི་རྣམ་རིག་ལ་རྒྱ་ཆེ་ཞིང་གཏིང་ཚུགས་པའི་རྒྱུད་ལམ་ཞིག་བཟོ་དགོས་པ་སྟེ། དུས་ལ་རན་པའི་ལག་ལེན་སློབ་གསོའི་རིམ་པ་ཡང་དག་སྒོས་གཅིག་བརྩེགས་གཉིས་བརྩེགས་བྱ་རྒྱུ་འབའ་ཞིག་རེད། དེའང་མཁས་པའི་ཞལ་ལས་མི་ནི་སློབ་གསོའི་ཐོན་འབྲས་ཡིན་པའི་གཏན་ཚིགས་ཀྱི་མེ་ཏོག་འཁྲུངས་འདུག་པ་བཞིན། མི་ཡག་གཙོག་དང་མཁས་བླུན། མིའི་བདེ་སྡུག་སོགས་སློབ་གསོ་རིམ་པའི་ཚད་གཞི་ཡིས་ཐག་བཅད་པ་རང་གི་གཡས་གཡོན་གྱི་མིག་གིས་མཐོང་སར་བལྟས་ཚེ་ཁྲིགས་ཁྲིགས་རེད་ལ། བཙན་བྱོལ་ཁྲོད་ཀྱི་བོད་སྐད་ཡིག་གི་སྐྱ་ཤུར་ཤུར་གྱི་ནམ་ཟླ་འདིས་ང་ཚོ་ལ་གནས་ལུགས་འདི་ནམ་ལངས་ཉི་ཤར་གྱི་ཚད་དུ་དཀྲལ་འདུག་སེམས། ང་ཚོ་ས་འདིར་བྲོས་ཡོང་དོན་ཡང་རང་གི་ངོ་གདོང་མི་འབོར་བ་དང་རང་གི་སྐད་གདངས་མི་བརླག་པར་བདག་ཉར་བྱེད་རྒྱུའི་ཆེད་རེད་དེ། དམིགས་རྣམ་འདིའི་གྲུབ་དོན་ལ་བསམ་ཚེ་ད་ལྟ་མིག་ཆུ་དབང་མེད་དུ་གདོལ་ཚོད་རེད།
ཨ་མདོའི་གསར་བུ་འགྲན་བསྡུར། དེ་ནས་གྲྭ་པ་འགྲན་བསྡུར།
ཨ་རོགས་ཆོ། གསར་མོ་གླེང་ནས་ཁ་གདངས་མྱིག་ཅེར་དང་ཁབ་གཙག་འབིག་གཙག་བྱེད་པ་ལས་བསམ་བློ་གཞན་པ་ཞིག་གཏོང་རན་ཡིན་པ་སྟེ། རྡ་ས་ན་ཨ་མདོའི་གསར་རྒོད་གཡག་རྒོད་འདྲ་བ་གང་མང་ཞིག་མགོ་སྐྲ་ནག་ཟིང་ངེ་ཁ་ངོ་སྐྱ་ཐག་གེར་མུ་གེས་མནར་བཞིན་ཡོད་པ་རེད། ང་ཚོ་ཕྱི་རྒྱལ་ན་ཡོད་པ་ཚོས་ཁོ་ཚོའི་ཆེད་དུ་མ་དངུལ་རེ་བསྡུས་ནས་ཨ་མདོའི་གསར་བུ་འགྲན་བསྡུར་གྱི་ལས་རིམ་ཞིག་མགོ་འཛུག་བྱས་ཏེ། གསར་བུ་ཨང་དང་པོ་ལ་ཨ་སྒོར་སུམ་བརྒྱ་དང་ཨང་གཉིས་པར་ཉིས་བརྒྱ། ཨང་གསུམ་པར་བརྒྱ་ཐམ་པ་རེ་སྤྲད་ན་ཡང་བྱ་དགའ་ཐོབ་མཁན་གསར་བུ་ཁོ་རང་ལ་ད་ལོས་ཡིན། དེའི་གྲོགས་པོ་ལྔ་དྲུག་ཅིག་གི་མུ་གེ་ཡང་ཞར་དང་ཞོར་ནས་སེལ་ཐུབ་ཀི་ཡོད་པ་རེད། གལ་སྲིད་མོས་མཐུན་ཡོད་ན་བོད་ཀྱི་དུས་བབ་གསར་ཁང་ལྟ་བུ་ཀུན་གྱིས་ཡིད་ཆེས་བློ་གཏད་ཐུབ་པའི་ལས་ཁུངས་ཤིག་གིས་ལས་ཀ་འདི་མགོ་འཛུག་གི་རྒྱབ་སྐྱོར་བྱེད་པའི་རེ་བ་ཡོད། སྤྱིར་རྡ་ས་ན་གསར་བུ་མང་མོད་མང་ཤོས་ཨ་མདོ་བ་ཡིན་པའི་ཆ་ནས་ཨ་མདོའི་གསར་བུ་འགྲན་བསྡུར་ཞིག་མགོ་འཛུག་གི་གླེང་སློང་བྱེད་བཞིན་ཡོད། དེ་ནས་རིམ་པ་བཞིན་གྲྭ་ས་ཁག་ནས་ཀྱང་གྲྭ་པའི་སྤྱོད་ལམ་འགྲན་བསྡུར་ཞེས་པ། གྲྭ་པ་ལོ་ན་བཅུ་དྲུག་ནས་སུམ་ཅུ་བར་གྱིས་གྲྭ་ཆས་སྤུས་དག་མནབས་ཏེ་ཕྱག་ཏུ་ལྷུང་བཟེད་དང་མཁར་གསིལ་བསྣམས། འོག་ཏུ་གདིངས་པ་བཏིངས་ཏེ་ཆོས་འདུལ་བའི་སྤྱོད་ལམ་དང་མཐུན་པའི་མིག་དཔེ་འགྲན་བསྡུར་ཞིག་ཀྱང་སྤེལ་ཨེ་ཐུབ་བལྟ་རྒྱུ་ཡིན། དེ་ལྟར་བྱས་ན་གྲྭ་རྐྱང་འགའ་རེའི་ལྟོགས་སྡུག་སེལ་ཐུབ་པ་དང་དེ་འབྲེལ་གྲྭ་མང་ལ་ཡང་ཆོས་འདུལ་བའི་སྤྱོད་ལམ་གྱི་མིག་དཔེ་རེ་སྟོན་ཐུབ་ཀྱི་རེད་སྙམ།