འབྲོག་མྱི།
____________
སྤྲུལ་སྐུ།
ད་ལྟ་གངས་ཅན་བོད་དུ་རྩ་བ་གངས་ལ་ཟུག་ཅིང་རྩེ་མོ་ཧི་མ་ལའི་དབུ་དང་མཉམ་ཞིང༌། ཡལ་འདབ་འཛམ་གླིང་གང་སར་རྒྱས་པའི་རང་ཅག་གི་སྟོན་པ་བླ་ན་མེད་པས་བསྟན་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་འདི་ཉིད་ནི་དེང་གི་ཆར་ས་སྟེང་འདི་ན་ཆེས་ཁྱད་དུ་འཕཊ་པའི་དེང་རབས་ཚན་རིག་རིག་གནས་དང་མཐུན་པའི་ཁར། གཞན་ཕན་ཞི་བདེའི་ཆོས་ལུགས་རིགས་གཞུང་ཞིག་གི་ངོ་བོའི་སྟེང་འགྲོ་བ་མིའི་རིགས་འདི་བཞིན་འཚོ་ཞིང་རྟེན་པའི་གོ་ལ་ཟླུམ་པོའི་བརྟན་འཇགས་ཞི་བདེའི་ཆེད་ཞབས་འདེགས་ཞུས་དང་ཞུ་མུས་སུ་ཡོད་ཅིང་། ནང་པའི་བསྟན་པ་བོད་ཡུལ་དུ་དར་བའི་ལོ་རྒྱུས་རིང་མོའི་ཁྲོད་འཆད་རྩོད་རྩོམ་གསུམ་ལ་ཤིན་ཏུ་མཁས་པའི་སྐྱེས་ཆེན་དམ་པ་དུ་མས་སྦྱངས་བརྩོན་ཞིབ་འཇུག་དང་བརྒྱུད་འཛིན་གོང་སྤེལ། དེ་དང་འགྲོས་མཉམ་གྱིས་སྒྲུབ་པ་སྙིང་པོར་བྱེད་པའི་སྤོང་བ་པས་ཉམས་ལེན་མཐར་ཐུག་གི་འབྲས་བུ་རུ་གསར་བཏོད་ཀྱི་ཤེས་རབ་ལས་འཁྲུངས་པའི་དམ་པའི་སྐྱེས་རབས་འཛིན་པའི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་པའི་ལམ་སྲོལ་འདི་གངས་ཅན་བོད་དུ་དར་པ་ནས་བཟུང༌། སངས་རྒྱས་བསྟན་པར་གསོན་ཤུགས་གསར་བ་ཞིག་རྒྱས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ལྡན་པའི་སྤྲུལ་སྐུའི་ལམ་ལུགས་དེ་བྱུང༌།
དེ་ཡང་སྤྲུལ་སྐུ་ཞེས་པ་ནི་སངས་རྒྱས་ཀྱི་ངོ་བོ་ཉིད་སྐུ། ཡེ་ཤེས་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་ཞེས་པའི་སྐུ་བཞིའི་ནང་གི་སྤྲུལ་སྐུ་ཞེས་པ་དེ་ཡིན་ཞིང༌། སྤྲུལ་སྐུ་ནི་སངས་རྒྱས་རྣམས་རང་ཉིད་སངས་རྒྱས་ཟིན་པའི་རྗེས་སུ་སེམས་ཅན་གྱི་དོན་དུ་གང་ལ་གང་འཚམས་པའི་སྤྲུལ་བ་སྣ་ཚོགས་བསྟན་ནས་འགྲོ་བའི་དོན་མཛད་པ་ལ་ཟེར་ཞིང༌། མ་དག་པའི་དོན་གང་ཞིག་བྱང་ཆུབ་སེམས་དཔའ་ཞིག་གིས་མཛད་དགོས་ཚེ། དག་པའི་སངས་རྒྱས་ཉིད་ནི་བསམ་བཞིན་དུ་མ་དག་པའི་རྣམ་པ་ཞིག་ཏུ་བསྟན་པའི་སྤྲུལ་བའི་གཟིགས་སྐུ་ཞིག་ཡིན་པས་དེ་ལ་སྤྲུལ་བའི་སྐུ་ཞེས་འབོད་སྲོལ་ཆགས་ཡོད།
སྤྲུལ་སྐུ་ངོས་འཛིན་བྱེད་སྟངས།
སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་སྲོལ་འདི་ནི་ལོ་ངོ་བདུན་བརྒྱའི་སྔོན་དུ ༡༢༨༤ལོ་ཀརྨ་པ་རང་བྱུང་རྡོ་རྗེ་སྐུ་འཁྲུངས་ནས་དགུང་ལོ་ལྔ་ལ་ཕེབས་སྐབས་གྲུབ་ཐོབ་ཨུ་རྒྱན་པ་རིན་ཆེན་དཔལ་གྱིས་ཀརྨ་པཀྴཱའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་ཞུས། དུས་དེ་ནས་བཟུང་བོད་དུ་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་པའི་ལམ་སྲོལ་ཐོག་མ་དེ་དར། ཡིན་ཡང་སྤྲུལ་སྐུ་ངོས་འཛིན་ཞེས་པའི་ཐ་སྙད་འདི་དམིགས་བསལ་དེ་དུས་སུ་བོད་དུ་དར་ཡང་སྤྲུལ་བ་ཞེས་པའི་ཐ་སྙད་འདི་སྔོན་ཆད་ནས་ཡོད་པ་ཞིག་རེད། དཔེར་ན། སྲོང་བཙན་སྒམ་པོ་ནི་སྤྱན་རས་གཟིགས་ཀྱི་སྤྲུལ་བ་ཡིན་ཞེས་བཤད་སྲོལ་ཡོད་པ་ཇི་བཞིན༌། མ་དག་པའི་རྣམ་པ་བསྟན་པའི་སྤྲུལ་སྐུ་ཞེས་པ་དེ་བྱུང་དགོས་དོན་ཐད་ཡང༼མངོན་རྟོགས་རྒྱན༽གྱི་ནང་དུའང༼གང་གིས་སྲིད་པ་ཇི་སྲིད་པར།། འགྲོ་ལ་ཕན་པ་སྣ་ཚོགས་དག། མཉམ་དུ་མཛད་པའི་སྐུ་དེ་ནི།། ཐུབ་པའི་སྤྲུལ་སྐུ་རྒྱུན་མི་ཆད།།༽ ཞེས་གསུངས་པ་ལྟར། སངས་རྒྱས་བྱང་སེམས་ཀྱི་སྤྲུལ་བས་འགྲོ་བའི་དོན་མཛད་དུས་སྲིད་པ་མ་སྟོང་གི་བར་དུ་སྤྲུལ་བ་དེ་གཅིག་ནས་གཅིག་མཐུད་དེ་ཡོང་གིན་ཡོད་ལ༌། སྤྲུལ་བ་ཡོང་སྟངས་དེ་ལ་རིམ་གྱེས་པ་དང་ཅིག་ཆར་བ་གཉིས་ཡོད། རིམ་གྱེས་པ་ནི་སྐུ་གོང་མ་དེའི་དགོངས་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་རྗེས་སྤྲུལ་བ་རྗེས་མ་དེ་རིམ་བཞིན་ཡོང་བའི་བྱུང་སྟངས་དེ་ལ་ཟེར་ཞིང༌། ཅིག་ཆར་བ་ནི་དུས་མཉམ་དུ་སྤྲུལ་བ་འགའ་རེ་བྱུང་བའི་བྱུང་སྟངས་དེ་ལ་ཟེར།
ཅིག་ཆར་བའི་སྤྲུལ་སྐུ་ལ་དཔེར་ན། རྗེ་དགེ་འདུན་གྲུབ་པ་དང་འཇམ་དབྱངས་ཆོས་རྗེ་ལྟ་བུ། དེ་ཡང་འཁྲུལ་ཞིག་རིན་པོ་ཆེས་༧གོང་ས་ཏཱ་ལའི་བླ་མའི་སྐུ་ཕྲེང་རིམ་བྱོན་གྱི་གསོལ་འདེབས་ཤིག་བརྩམས་ཡོད་པའི་ནང་དུ་འཇམ་དབྱངས་ཆོས་རྗེ་དང་གྲུབ་ཆེན་ནག་པོ་སྤྱོད་པ་གཉིས་ཀྱང་༧གོང་ས་ཏཱ་ལའི་བླ་མའི་སྐུ་ཕྲེང་ནང་བཞག་ཡོད་པ་དང༌། འཇམ་དབྱངས་ཆོས་རྗེ་༧གོང་ས་མཆོག་གི་སྐུ་ཕྲེང་རིམ་བྱོན་ནང་འཇོག་དགོས་དོན་ཐད་འཁྲུལ་ཞིག་རིན་པོ་ཆེས་དམིགས་བསལ་དོགས་སློང་ཞིག་བྱས་ཡོད་པའི་ནང༌། གྲུབ་ཆེན་ནག་པོ་སྤྱོད་པ་དང་འཇམ་དབྱངས་ཆོས་རྗེ་གཉིས། ༧གོང་ས་ཏཱ་ལའི་བླ་མའི་སྐུ་ཕྲེང་རིམ་བྱིན་ནང་འཇོག་དགོས་དོན་གཙོ་བོ་ནི་༧གོང་ས་མཆོག་གི་བཀའ་སློབ་བཞིན་བཞག་པ་ཡིན་ཞེས་བཀོད་ཡོད་པས༌། ༧གོང་ས་རྒྱལ་བ་རིན་པོ་ཆེའི་སྐུ་ཕྲེང་དང་པོ་ནི་རྗེ་དགེ་འདུན་གྲུབ་པ་ཡིན་པ་ཡོངས་གྲགས་ཡིན་པ་མ་ཟད༌། ད་དུང་རྗེ་དགེ་འདུན་གྲུབ་དང་འཇམ་དབྱངས་ཆོས་རྗེ་གཉིས་དུས་མཉམ་དུ་རྗེ་ཙོང་ཁ་བའི་དངོས་སློབ་ཡིན་པས༌། འདི་ལྟ་བུ་ལ་ཅིག་ཆར་བའི་སྤྲུལ་བ་རུ་ངོས་འཛིན་བྱས་ཆོག་པར་མ་ཟད། སྐབས་དེར་དེ་ལ་མ་འདས་སྤྲུལ་སྐུ་ཞེས་མིང་དེ་བཏགས་མེད་པ་མ་གཏོགས་དོན་གྱི་ཆ་ནས་མ་འདས་སྤྲུལ་སྐུ་རུ་ཆགས་ཡོད་པས། མ་འདས་སྤྲུལ་སྐུ་ཞེས་པའང་ཅིག་ཆར་བའི་སྤྲུལ་སྐུ་བྱུང་སྟངས་ཀྱི་ནང་གསེས་སུ་གཏོགས་པ་དང༌། མ་འདས་སྤྲུལ་སྐུ་ཡི་ཡང་སྲིད་ངོས་འཛིན་བྱེད་པའི་སྲོལ་རྒྱུན་དར་ནས་མ་མཐའ་ཡང་ལོ་ངོ་བཞི་བརྒྱ་ལྷག་སོང་ཡོད་པར་སྙམ།