Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསར་འགྱུར་མདོར་བསྡུས་ཆ་རེ།

Posted on 2009-01-212009-01-22 By དགེ་རབ་ 1 Comment on གསར་འགྱུར་མདོར་བསྡུས་ཆ་རེ།

གོ་ཐོས་ལྟར་ན། ཨ་མདོ་བླ་བྲང་ཁུལ་དུ་བོད་མི་ཚོས་ལོ་གསར་དགའ་སྟོན་མི་བྱེད་པའི་ཐད་ལ་རྒྱ་གཞུང་སེམས་ཁུར་ལངས་ཏེ། ཁྱིམ་ཚང་འགའ་རེར་སྒོར་ཁྲི་གཅིག་དང་ ཡང་ཁྱིམ་ཚང་འགའ་རེར་སྒོར་ལྔ་བརྒྱ་ཙམ་རེ་བྱིན་ནས་ལོ་སར་གཏོང་བའི་རེ་སྐུལ་བྱེད་བཞིན་འདུག་ཟེར། རེབ་གོང་ཁུལ་ན་ཡང་ལོ་གསར་གཏོང་དགོས་པའི་བཀོད་འདོམས་གཏོང་བཞིན་ཡོད་སྐད། ལྷ་ས་བར་སྐོར་ནང་སྔ་ལོའི་གྱེན་ལངས་རྗེས་ནས་བཟུང་དམ་དྲག་ཆེ་དྲགས་པའི་རྐྱེན་བྱས་ཏེ། བོད་རིགས་ཚོ་གནས་སྤོར་ཟིན་པ་རེད་ཅེས་བརྗོད་ཀྱི་ཡོད་འདུག བར་སྐོར་ནང་གཏན་སྡོད་བྱེད་པའི་བོད་མིའི་གྲངས་འབོར་མངོན་གསལ་གྱིས་ཉུང་དུ་ཕྱིན་ཡོད་སྐད། བར་སྐོར་ནང་བོད་རིགས་ཚོས་ཕན་ཚུན་ལ་སྐད་ཆ་བཤད་རྒྱུར་ཡང་དྭོགས་ཟོན་བྱེད་ཀྱིན་ཡོད་ཚོད་ལ། བོད་མི་ཚོས་གླེང་རྒྱུ་ལ། བར་སྐོར་ནང་གི་ཉེན་རྟོག་པའི་པར་ཆས་དེ་ཚོས་སྐད་ཆ་བཤད་མཁན་གྱི་མི་དེའི་མཆུ་ཏོའི་དབྱིབས་པར་རྒྱག་བཞིན་ཡོད་ཐོག རང་བཙན་སོགས་ཀྱི་སྐད་ཆ་བཤད་ཚེ་འཕྲལ་དུ་འཛིན་བཟུང་བྱེད་ངེས་རེད་ཅེས་བཤད་ནས་བོད་རིགས་ཚོས་ཁ་བཀབ་ནས་སྐད་ཆ་བཤད་དགོས་ཆགས་ཀྱི་ཡོད་པ་རེད་ཟེར།

གསར་འགྱུར།

མདའ་ལན་༤པ།

Posted on 2009-01-202009-01-22 By རབ་འབྱོར་ No Comments on མདའ་ལན་༤པ།

མདའ་ཚན་པ་ལགས། ང ་ལ་སྒྱོགས་མདེལ་མངར་མོའི་ཚབ་ཏུ་གྲ་སྒྲིག་བྱས་པའི་སྦིར་རག་དེ་ཁྱེད་རང་གིས་བཏུང་ནས་ཁྱེད་རང་རབཟི་ཡོད་པ་འདྲ།ངའི་མདའ་ལན་༣་ནི་ཁྱེད་ཀྱི་མདའ་མོ་གཅིག་ལ་མ་རེད། མདའ་དང་པོ་དེ་ཁྱེད་ཀྱིས་འཕངས་པ་རེད། དེ་ནས་ངས་མདའ་ལན་དང་པོ་འཕངས་། ངའི་མདའ་ལན་རེ་རེ་ལ་ཁྱེད་ཀྱིས་ཀྱང་མདའ་རེ་རེ་འཕངས་ཏེ་ད་བར་དུ་བཞི་འཕངས་ཡོད་པ་རེད། ཁྱེད་ནས་ངའི་མདའ་ལན་གྱིས་གནད་ལ་འཁེལ་མི་འདུག་ཅིང་ཁྱེད་ཀྱི་བསམ་ཚུལ་འགྱུར་བ་གཏོང་ཐུབ་ཀྱི་མི་འདུག་ཟེར། དང་པོ་ངས་དེ་ཡིན་རྒྱུ་རེད་སྙམ། ངས་མདའ་ལན་དང་པོ་འཕེན་དུས་གོ་སྐབས་འདི་བཟུང་ནས་དོན་དག་འདིའི་ཐོག་ལ་བསམ་ཚུལ་ཅི་ཡོད་ལྷུག་པོ་ཞིག་བཤད་སྙམ་པ་མ་གཏོགས། དམིགས་བསལ་ཁྱེད་རང་ལ་ལན་གང་ཕོག་ཕོག་ལྟ་བའི་ཀུན་སློང་མེད། ཡིན་ན་ཡང། ངས་ད་ཕན་མདའ་ལན་གསུམ་པོའི་ནང་ལ་ཅི་བཤད་རྣམས་སྐྱར་དྲན་ཞིག་བྱས་ན་ངས་ཁྱེད་ཀྱི་བསམ་ཚུལ་ལ་ལན་གང་ཕོག་ཕོག་བྱས་ནས་བྲིས་ནས་འདུག ངས་བལྟས་ན་ལན་ཕོག་འདུག ལན་ཕོག་པ་ཙམ་གྱིས་བསམ་ཚུལ་བསྒྱུར་ཐུབ་པའི་ངེས་པ་ནི་ཡོད་པ་མ་རེད། ཁྱེད་ནས་ཚིག་ཕྲད་སླ་བསྡུ་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ཞིག་ལ་དེ་རྙོག་དྲ་ཚ་བོ་ཡིན་ཚུལ་བཤད་སོང་།…

དེ་ལས་མང་བ་། “མདའ་ལན་༤པ།” »

རྩོམ་རིག

བོད་ལྗོངས་རོགས་སྐྱོར་ནི་རྒྱ་མི་བོད་ཁུལ་དུ་སྤོར་རྒྱུའི་ལྐོག་ཇུས་ཤིག་ཡིན།

Posted on 2009-01-202009-01-22 By དབང་ཕྱུག་ No Comments on བོད་ལྗོངས་རོགས་སྐྱོར་ནི་རྒྱ་མི་བོད་ཁུལ་དུ་སྤོར་རྒྱུའི་ལྐོག་ཇུས་ཤིག་ཡིན།

བོད་ལྗོངས་རོགས་སྐྱོར་ནི་རྒྱ་མི་བོད་ཁུལ་དུ་སྤོར་རྒྱུའི་ལྐོག་ཇུས་ཤིག་ཡིན་པ་ལས།
བོད་རང་ལ་གནོད་པ་ལས་ཁེ་ཕན་མེད་པ་མངོན་གསལ་རེད།

རིག་འབྱུང་དཀོན་མཆོག་ཚེ་བརྟན།

ང་ནི་བོད་ལུགས་གསོ་རིག་གི་སྨན་པ་དཀྱུས་མ་ཞིག་དང༌། ད་ཕན་མི་ལོ་ཉེར་གསུམ་རིང༌། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་འགྲིམས་ཤིང༌། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་ལ་བག་ཆགས་འཇོག་ཁུལ་བྱས་པ་ཞིག་ཡིན། ད་དུང་མུ་མཐུད་སློབ་གཉེར་དང་ཆབས་ཅིག བྱང་ཨ་རིའི་ཡུལ་ན་དེང་རབས་རྟོག་གེའི་རིག་པའི་སྐོར་ལ་སློབ་གཉེར་བྱེད་བཞིན་ཡོད།
མི་ལོ་ཉེར་གསུམ་རིང་དེའི་རིང༌། རྒྱ་ནག་དམར་ཕྱོགས་གཙོ་འཛིན་མའོ་ཙེ་ཏུང་དང༌། ཏིན་ཞོ་ཕིན། ཅང་ཙེ་མེན། ཧུའུ་ཅིན་ཐོ་བཅས་ཀྱི་དགོངས་པ་གཙོ་བོར་བཞག་པའི་གུང་ཁྲན་ཏང་གི་ཆབ་སྲིད་ལ་སློབ་སྦྱོང་དང༌། མཚོན་བྱེད་གསུམ་གྱི་རིག་པའི་གཞུང་ལུགས་ཀྱི་དགོངས་པའི་སྐོར་ཟིན་བྲིས་སུ་བཏབས་ཏེ་བསྡད་པ་ཡིན། དེ་ནི། རྒྱལ་ཁབ་ལ་འགན་ཁུར་བ་དང་རང་ཉིད་ལ་འགན་ཁུར་བའི་འགྲེལ་བཤད་དང་དེའི་ཁོར་ཡུག་དེ་ནས་འདོད་པ་ཡོད་མེད་ལ་མ་ལྟོས་པར་སྦྱོང་དགོས་ཤིང༌། དེ་སྦྱངས་པའི་ཚད་གཞི་དེས། ད་གཟོད་དགེ་རྒན་དང་སློབ་མར་རྒྱལ་ཁབ་དང་ཏང༌། མི་དམངས་བཅས་ལ་ཤ་ཞེན་གྱི་བསམ་བློ་ཡོད་མེད་ཀྱི་ཚད་གཞི་འཇལ་གྱི་ཡོད། རྒྱུ་མཚན་དེ་འདྲར་བརྟེན། སློབ་ཚན་དེའི་སྐོར་ལ་འབད་བརྩོན་དང༌། མ་འོངས་པའི་ནང་དུའང་སློབ་སྦྱོང་དང་ལག་ལེན་བསྟར་བ་ལ་ཆོད་སེམས་བརྟན་པོ་ཡོད་སྐོར་ཁ་ནས་མ་ཎི་འདོན་འདོན་དང་ལག་ནས་ཕྲེང་བ་བགྲང་བགྲང་གིས་གཏམ་གླེང་བྱས་མྱོང༌། དེ་ནི་ངའི་སློབ་གཉེར་ཁོར་ཡུག་གི་གནས་སྟངས་གྲས་ཀྱི་གཅིག་རེད། ཁོར་ཡུག་འདི་འདྲ་ཞིག་གི་ཁྲོད་སློབ་སྦྱོང་གི་གོ་སྐབས་ཤིག་ཐོབ་པ་དེ་ཡང་སྐལ་བ་བཟང་ཙམ་རེད། ངའི་ལོ་ཚོད་ནང་སློབ་གཉེར་གྱི་གོ་སྐབས་ཁྱོན་ནས་མ་རག་པའང་མང་པོ་ཡོད།
ད་ལོའི་ཕྱི་ཟླ་གསུམ་པ་ནས་བཟུང༌། རྒྱལ་ཁབ་ཀྱི་བརྟན་བརླིང་དང་འབྲེལ་བའི་ཚོགས་འདུ་ཆེ་ཆུང་མང་པོ་བདུན་ཕྲག་རེར་ཐེངས་འཚོགས་པའི་ལས་འགུལ་སྤེལ་བའི་སྐབས་ལ་མཚོན་ན། ང་ཚོའི་ལས་ཁུངས་ཀྱིས་འཇིགས་དངངས་ཆེན་པོ་དང་བཅས་ཏེ། ང་ཚོའི་ལས་ཁུངས་ཀྱི་འགོ་ཁྲིད་རྣམ་པས་གཅིག་ཤོར་གཉིས་ཤོར་གྱི་ཚུལ་གྱིས། རང་རེའི་ལས་ཁུངས་ཀྱི་ལས་བྱེད་མི་སྣ་ཁ་ཤས་ལ་བདེ་འཇགས་ཅུས་ཀྱིས་གསང་བའི་སྒོ་ནས་མྱུལ་ཞིབ་དང་ལྟ་རྟོག་བྱས་དང་བྱེད་བཞིན་ཡོད་སྟབས། སོ་སོའི་ངོས་ནས་གཟབ་ནན་བྱེད་དགོས་པ་ལས། སྐད་ཆ་གང་བྱུང་མང་བྱུང་བཤད་པ་དང༌། ཁ་བྲལ་རིང་ལུགས་ཀྱི་བསམ་བློའི་རྗེས་སུ་འབྲངས་ནས་རྒྱལ་ཁབ་ཀྱི་བརྟན་བརླིང་ལ་གནོད་སྐྱོན་གཏོང་བ་དང༌། ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་དང་ཁྲིམས་ལུགས་ལ་འགལ་བའི་ལས་ཀ་ལ་ཞུགས་མི་ཆོག་པ་མ་ཟད། ཕྱི་ལོགས་ནས་འཁྱར་ཡོང་བའི་ཡིག་ཆ་དང་གསར་འགྱུར་གྱི་རིགས་ལ་གང་བྱུང་བལྟ་མི་ཆོག་པ། བོད་ནི་མེས་རྒྱལ་དང་ནམ་ཡང་ཁ་བྲལ་མི་རུང་བའི་གྲངས་ཉུང་མི་རིགས་ཤིག་ཡིན་པ་སོགས་ཀྱི་གཏམ་བཤད་དང་བགྲོ་གླེང་གི་ནང་དོན་དག་ནི། ད་དུང་ངའི་ཡིད་ལ་དྲན་ཐེངས་རེར་ཉིན་བཞིན་གྱི་ཞལ་འདོན་ལྟར་བློ་བྱང་དུ་སོང་ནས་ཡོད།
རྒྱ་ནག་གུང་ཁྲན་ཏང་ལྟར་ན། སྤྱིར་ཆབ་སྲིད་དང་མར་ལེ་རིང་ལུགས་ཀྱི་རྩོད་སྒྲུབ་རིག་པ་ནི། སློབ་གྲྭ་ཆེན་མོ་བས་ངེས་པར་དུ་སྦྱང་དགོས་པའི་སློབ་ཚན་ཞིག་ཡིན་ལ། མི་ཚེ་གང་བོའི་ལས་གནས་སྟེང་ནམ་ཡང་ཁ་འབྲལ་ཐབས་མེད་པའི་ཚོགས་འདུའི་ནང་དོན་གཙོ་བོའང་སློབ་དེབ་འདི་གཙོ་བོར་བཞག་ནས་ཡོང་གི་ཡོད། དེ་བཞིན་སློབ་ཆེན་གྱི་སློབ་མ་མང་པོ་ཞིག་གིས་ཀྱང་དེའི་ཕྱོགས་ལ་ཤུགས་གང་མང་རྒྱག་གིན་ཡོད་ཅིང༌། དེ་ནི། རྒྱལ་ཁབ་ཀྱི་ཆེད་དང་གུང་ཁྲན་ཏང་གང་གི་ཆེད་དུའང་མ་ཡིན་པར། ཁོང་ཚོར་དམིགས་ཡུལ་གཅིག་རང་ཡོད་པ་ནི། གུང་ཁྲན་ཏང་གི་གནམ་འོག་ནས་མདུན་ལམ་ངེས་ཅན་ཞིག་ཐོབ་ཐབས་ཁོ་ནའི་ཆེད་དུ་ཡིན། དཔེར་ན། ཆབ་སྲིད་ཀྱི་སྐར་གྲངས་ནི་རབ་འབྱམས་པ་དང་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་སྐབས་སུ། དངོས་གཞིའམ་ཆེད་ལས་ཀྱི་སློབ་ཚན་ལས་ཀྱང་ཤིན་ཏུ་གཙིགས་སུ་འཛིན་པས་རེད།
བོད་ཀྱི་རིག་གནས་ཀྱི་རྨང་གཞི་མཐུག་ཅིང་ཤེས་ནས་སྨྲ་བ་མང་པོ་ཞིག་གི་མདུན་ལམ་འགོག་བྱེད་ཡོད་ན་མེད་ན་དེ་ཡང་མདོར་དེད་ན་ཆབ་སྲིད་ཀྱི་སྐར་གྲངས་ཀྱིས་ཐག་གཅོད་བྱེད་པ་ཡིན། བོད་ཀྱི་རིག་གནས་ཀྱི་རྨང་གཞི་བརྟན་པའི་སྐད་གཅིག་སྨྲ་བ་མང་པོ་ཞིག་ལ་དེང་རབས་སློབ་གསོའི་ལག་འཁྱེར་མེད་པར་བརྟེན། མི་ཚེ་གང་བོར་མགོ་བོ་དགྱེ་ཡུལ་མེད་པར་གཞི་རིམ་གྱི་ལས་ཀ་ཞིག་ལས་ཐོབ་ཀྱི་མེད་པ་དང༌། སྤྱི་ཚོགས་སྟེང་གི་གོ་གནས་ཆེ་ཆུང་གང་ཡང་ཐོབ་ཐུབ་ཀྱི་མེད། ཐ་ན་རང་ཉིད་ཀྱི་གནས་རིམ་འཕར་བའི་གོ་སྐབས་ཀྱང་ཉུང་ཉུང་ཡིན།

དེ་ལས་མང་བ་། “བོད་ལྗོངས་རོགས་སྐྱོར་ནི་རྒྱ་མི་བོད་ཁུལ་དུ་སྤོར་རྒྱུའི་ལྐོག་ཇུས་ཤིག་ཡིན།” »

རྩོམ་རིག

མདའ་ལན་༣པ།

Posted on 2009-01-182009-01-18 By རབ་འབྱོར་ 13 Comments on མདའ་ལན་༣པ།

མདའ་ཚན་པ་ལགས། དང་པོ་བོད་ཡིག་གསར་བཅོས་ཀྱི་ཡིག་ཆ་དེའི་གནས་ཚུལ་ཁུངས་ལྡན་རེ་ཐོབ་སོང་། ཡིག་ ཆ་དེའི་བསྡུས་མིང་ལ་”ཟིན་བྲིས་གནད་བསྡུས།” དང་མིང་ཆ་ཚང་ལ་ “མའོ་ཀྲུའུ་ཞིའི་གསུང་རྩོམ་བོད་ཡིག་པར་སྐྲུན་དང་ཡིག་སྒྱུར་བྱ་བའི་མའོ་ཙེ་ ཏུང་དགོངས་པ་སློབ་སྦྱོང་འཛིན་གྲྭའི་གྲོས་བསྡུར་ཟིན་བྲིས་གནད་བསྡུས།”ཟེར་ གྱི་འདུག ཡིག་ཆ་འདི་ནི་ ༡༩༦༩ ལོའི་ཟླ་བདུན་པའི་ནང་ལ་མི་རིགས་དཔེ་སྐྲུན་ཁང་གི་ལས་བྱེད་སྐོར་ཞིག་གིས་གྲོས་གཞིན་བཏོན་པ་དང་། སྐབས་དེར་པེ་ཅིན་ན་ཡོད་པའི་བོད་ཡིག་གི་བྱ་བ་བྱེད་མཁན་སྐོར་ཞིག་མཉམ་འཛོམས་ཀྱིས་ཡིག་ཆ་འདི་གཏན་ལ་ཕབ་པ་རེད་ཟེར། ཡིག་ཆ་འདིས་བོད་ཡིག་ལ་ཚིག་ཕྲད་༦༤ཡོད་པ་ལས་༣༥ མི་དགོས་པ་བྱས་པ་རེད་ཟེར། ཡིག་ཆ་ངོ་མ་དེ་ད་བར་དུ་ལག་ལ་མ་ཡོང་ཐལ།…

དེ་ལས་མང་བ་། “མདའ་ལན་༣པ།” »

གསར་འགྱུར།

གེ་སེར་རྒྱལ་བོའི་སྒྲུང་ཡིག་ཐོག་ལ་འཁོད་སྔ་ཤོས་ཁག་ཅིག

Posted on 2009-01-18 By དགེ་རབ་ 7 Comments on གེ་སེར་རྒྱལ་བོའི་སྒྲུང་ཡིག་ཐོག་ལ་འཁོད་སྔ་ཤོས་ཁག་ཅིག

རི་སྤྱང་ཁེར་འགྲོ་ནས ————- གེ་སེར་རྒྱལ་པོའི་སྒྲུང་ཡིག་ཐོག་དུ་འཁོད་སྔ་ཤོས་ནི་དུས་རབས་བརྒྱད་པའི་སྟོད་དུ་མན་ཇི་གོང་མ་ཁང་ཞིས་བཀའ་བསྒོས་ལྟར་པེ་ཅིན་དུ་༡༧༡༦་ལོར་པར་སྐྲུན་བྱས་པའི་གེ་སེར་སོག་ཡིག་མ་དེ་ཡིན་འདུག གེ་སེར་ཧོར་ཡིག་མ་དེ་བོད་ཀྱི་གེ་སེར་རྒྱལ་བོའི་སྒྲུང་ནས་ཐད་ཀར་སྒྱུར་བ་འདྲ་མིན་པར་སོག་པོའི་དམངས་ཁྲོད་དུ་བོད་རྒྱུད་ནང་ཆོས་དང་ལྷན་དུ་དར་བའི་སོག་པོ་རང་གི་ཁྱད་ཆོས་ཡོད་པའི་གེ་སེར་རྒྱལ་བོའི་སྒྲུང་ཞིག་ཡིན་འདུག གོང་མ་ཁང་ཞིས་གེ་སེར་སོག་ཡིག་མ་འདི་པར་འདེབས་བཀའ་མངགས་ཕེབས་དོན་ནི་རྒྱ་ནག་བ་དང་མན་ཇི་གོང་མ་ཚོས་ལྷ་ཆེན་པོ་རྒྱ་ནག་གི་སྐད་དུ་ཁོན་ཐིས་ཞེས་དགྲ་འདུལ་ཞིང་གཉེན་སྐྱོང་བ། དཀར་བོ་སྲུང་ཞིང་ནག་པོ་འཇོམས་མཁན་ཞིག་ཡོད་པ་་དགྲ་ལྷ་དང་མགོན་ལྷ་ཡོད་ན་མེད་ན་ཞིག་ཏུ་གསོལ་གི་ཡོད་འདུག་ལ་གེ་སེར་རྒྱལ་བོ་འདི་དགྲ་ལྷ་ཁོན་ཐིས་ཀྱི་རྣམ་སྤྲུལ་ཡིན་པའི་བཤད་ཚུལ་ཞིག་ཀྱང་ཡོད་པས་ཡིན་འདུག གླིང་སྒྲུང་ཧོར་ཡིག་མ་ནི་ཁམས་ཕྱོགས་ཀྱི་གེ་སེར་སྒྲུང་ལྟར་ནང་ཆོས་ཀྱི་བསླབ་བྱ་རྩལ་དུ་འདོན་པར་གཞོལ་བ་མ་ཡིན་པར་གེ་སེར་གྱི་ཁྱད་དུ་འཕགས་པའི་དཔའ་མཛངས་རྟུལ་ཕོད་ཀྱི་གཤིས་ཀ་རྗེན་པར་ཐོན་ཡོད་པ་ཞིག་ཡིན་འདུག ༡༧༧༦ ལོར་ར་ཞི་ཡའི་རྒྱལ་ཁམས་འགྲིམས་པ་པོ་ཕ་ལ་སི་ཟེར་བས་སོག་པོའི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག་ནང་གེ་སེར་རྒྱལ་བོའི་སྒྲུང་ངོ་སྤྲོད་གནང་ཡོད་འདུག་ལ། དེ་ནས་གེ་སེར་རྒྱལ་བོའི་སྒྲུང་ཧོར་ཡིག་མ་འདིའི་ར་ཞི་ཡིའི་འགྱུར་ཞིག་༡༨༣༦ལོར་་པར་བརྒྱབ་ཡོད་འདུག དེའི་འཕྲོར་༡༨༣༩ ལོར་ཨི་ས་ཀི་འཇའ་ཀོ་སྤི་སི་ཀི་མི་ཊི་ལགས་ནས་འཇར་མན་ཡི་གེ་ནང་འགྱུར་བསྡུས་བ་ཞིག་མཛད་ཡོད་འདུག རྙིང་མའི་སྐྱེས་ཆེན་ཁ་ཤས་ཀྱིས་གེ་སེར་རྒྱལ་བོ་ཡིད་དམ་གྱི་ངོར་བསྐྱེད་ནས་གསོལ་མཆོད་བསྙེན་སྒྲུབ་གནངགི་ཡོད་སྐད་ལ། རྗེ་མི་ཕམ་འདི་ཚང་ཡང་གེ་སར་ལ་དབྱིངས་ཞུགས་ནས་གེ་སེར་གསོལ་འདེབས་གསོལ་མཆོག་འཕྲིན་ལས་མྱུར་འགྲུབ་ཞེས་བ་དགོངས་གཏེར་ལ་ཕེབས་པ་རང་ལོ་སུམ་ཅུའི་ནང་ལོ་ངོ་གསུམ་གྱི་རིང་ཡིག་ཐོག་ཏུ་ཕབ་ཡོད་འདུག་ལ་གསོལ་འདེབས་འདིའི་ནང་གེ་སེར་འཁོར་བཅས་ལ་གདུང་ཤུགས་དྲག་པོས་འབོད་པ་བཏང་ནས་ས་ལམ་མྱུར་དུ་འགྲུབ་པའི་སྡོང་གྲོགས་སུ་གསོལ་འདེབས་ཞུས་ཡོད་སྐད། རྗེ་མི་ཕམ་ནི་…

དེ་ལས་མང་བ་། “གེ་སེར་རྒྱལ་བོའི་སྒྲུང་ཡིག་ཐོག་ལ་འཁོད་སྔ་ཤོས་ཁག་ཅིག” »

རྩོམ་རིག

ང་ལ་སྐྲག་སྣང་ཞིག་ཡོད།

Posted on 2009-01-17 By དགེ་རབ་ 3 Comments on ང་ལ་སྐྲག་སྣང་ཞིག་ཡོད།

ཚེ་རིང་གི་བུ། གོ་གྲངས་ལོར། ངོས་རང་བཙན་བྱོལ་དུ་ཡོང་བ་ཡིན། དེ་མ་ཐག་༸རྒྱལ་བ་རིན་པོ་ཆེར་མཇལ་ཞིང་། ༸རྒྱལ་བ་རིན་པོ་ཆེའི་གསུང་སྐད་ཐོས་པར་གྱུར། འདི་ནི་ཚེ་ཚེ་རབས་རབས་སུ་བསགས་པའི་ལས་སྨོན་གྱི་སྟོབས་ལོས་ཡིན། ཉིན་མོ་དེ་ནས་བཟུང་ངས་༸རྒྱལ་བ་རིན་པོ་ཆེའི་ཞལ་ཡང་ཡང་མཇལ་ཞིང་། གསུང་གི་བདུད་རྩིར་ལྕེ་ལྡག་ལན་མང་བྱས་རྗེས། གཞི་ནས་ངོས་རང་འཚར་ལོངས་བྱུང་། འགྱེལ་ས་ནས་ལངས་ཐུབ་པར་གྱུར། འདི་ནི་༸རྒྱལ་བ་རིན་པོ་ཆེའི་སྐུ་དྲིན་ཡིན། རྩ་བའི་བླ་མའི་སྐུ་ཚད་ཁྲི་ལོར་བརྟན་པར་ཤོག ཡིན་ན་ཡང་། ཁ་སང་དེ་རིང་ངས་༸རྒྱལ་བ་རིན་པོ་ཆེར་མཇལ་ཁ་ཐོག་མར་ཞུས་པའི་ཉིན་མོ་དེར་དྲན་གསོ་གཏོང་བཞིན་ཡོད། ཉིན་མོ་དེ་ནི་དབྱར་དཀྱིལ་ཞིག་ཡིན།…

དེ་ལས་མང་བ་། “ང་ལ་སྐྲག་སྣང་ཞིག་ཡོད།” »

རྩོམ་རིག

བོད་ནང་གི་གསང་ཉུལ་བ་ཞེས་པའི་གློག་བརྙན།

Posted on 2009-01-15 By དགེ་རབ་ 20 Comments on བོད་ནང་གི་གསང་ཉུལ་བ་ཞེས་པའི་གློག་བརྙན།

གློག་བརྙན་།

དམ་པ་ཆོས་ལུགས་ཀྱི་རིན་པོ་ཆེའི་བསྟན་བཅོས་ལེགས་བཤད་དབང་གི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ།།

Posted on 2009-01-15 By དབང་ཕྱུག་ No Comments on དམ་པ་ཆོས་ལུགས་ཀྱི་རིན་པོ་ཆེའི་བསྟན་བཅོས་ལེགས་བཤད་དབང་གི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ།།

ནོམ་ཆི་མཁན་པོ་ངག་དབང་ཕུན་ཚོགས།

གསེར་རིའི་དབུས་ན་ལྷུན་པོ་ནི།།
རབ་བརྗིད་མཚུངས་ཟླས་དབེན་པ་ལྟར།།
དགྲ་བཅོམ་འཁོར་དབུས་མངོན་མཛེས་པའི།།
སྟོན་པ་མཆོག་དེའི་ཞབས་སྐྱེས་མཆོད།།

ནོར་བུའི་ཅོད་པན་འོད་འཕྲོ་བ།།
སྐབས་གསུམ་ལྷ་ཡི་གཙུག་ན་མཛེས།།
བླ་མའི་ཞབས་ཀྱི་པདྨོ་ཡང༌།།
སློབ་མའི་གཙུག་གི་རྒྱན་དུ་འོས།།

བསམ་འཕེལ་དབང་རྒྱལ་རྒྱལ་མཚན་རྩེར།།
མངོན་མཆོད་དགོས་འདོད་ཆར་དུ་འབེབ།།
བཤེས་མཆོག་ཞབས་བསྟེན་བཀའ་དྲིན་ལས།།
འདི་ཕྱིའི་ལེགས་ཚོགས་ཡིད་བཞིན་འགྲུབ།།

མཚན་མོའི་ལམ་བགྲོད་དཀའ་ཚེགས་ཆེ།།
ནོར་བུའི་སྣང་བར་བརྟེན་པས་བདེ།།
གསུང་རབ་བདེ་བླག་རྟོགས་པའི་ཆེད།།
ལམ་སྟོན་བཤེས་གཉེན་མིག་ལྟར་གཅེས།།

ནོར་བུ་བཀྲུ་བའི་དཔེ་གསུམ་ལྟར།།
གདུལ་བྱའི་བློ་ཁའི་རིམ་པ་ལ།།
ལྟོས་ཏེ་གསུང་རབ་གོང་འོག་སྣང༌།།
དོན་དུ་ཆོས་ལ་བཟང་ངན་མེད།།

དབུལ་བོ་སྡུག་བསྔལ་གྱིས་གདུངས་ཡང༌།།
ནོར་བུའི་ཚོགས་ལ་ཡིད་སྨོན་བྱེད།།
ཤེས་བརྩོན་ནོར་གྱིས་དབུལ་ན་ཡང༌།།
ཆོས་ལ་ནན་ཏན་དད་གུས་བསྐྱེད།།

དེ་ལས་མང་བ་། “དམ་པ་ཆོས་ལུགས་ཀྱི་རིན་པོ་ཆེའི་བསྟན་བཅོས་ལེགས་བཤད་དབང་གི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ།།” »

དེབ་ཐེར།

དམ་པ་ཆོས་ལུགས་ཀྱི་ལྕགས་ཀྱི་བསྟན་བཅོས་ལེགས་བཤད་དགོས་འདོད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ།།

Posted on 2009-01-152009-01-15 By དབང་ཕྱུག་ No Comments on དམ་པ་ཆོས་ལུགས་ཀྱི་ལྕགས་ཀྱི་བསྟན་བཅོས་ལེགས་བཤད་དགོས་འདོད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ།།

ནོམ་ཆི་མཁན་པོ་ངག་དབང་ཕུན་ཚོགས།

མཁྱེན་པའི་ཡེ་ཤེས་ཆོས་ཀུན་གཟིགས།།
བརྩེ་བའི་ཐུགས་རྗེས་འགྲོ་ཀུན་སྐྱོང༌།།
འཕྲིན་ལས་ནུས་པའི་གནམ་ལྕགས་འབར།།
བདུད་སྡེ་འཇོམས་མཛད་དེར་ཕྱག་འཚལ།།

རང་སེམས་དད་པ་སྐྱེས་པའི་ཚེ།།
བླ་མའི་བྱིན་རླབས་བདེ་བླག་འཇུག།
འདྲེན་བྱར་ཨ་ལོང་ལྡན་གྱུར་ན།།
འདྲེན་བྱེད་ལྕགས་ཀྱུའི་བྱ་བ་སླ།།

ལྕགས་ཀྱི་རིན་དང་གསེར་གྱི་རིན།།
ཟོང་དུ་བསྒྲུབས་ན་ཁྱད་ཆེ་ལྟར།།
འཇིག་རྟེན་དོན་ལས་ཆོས་གཙོ་བོར།།
བསྒྲུབས་པས་དོན་ཆེན་འབྲས་བུ་འབྱུང༌།།

མེ་ཡིས་དྲོས་ཙམ་བྱས་པ་ཡི།།
ལྕགས་ལ་ངར་ནི་ཆེར་མི་འབྱུང༌།།
ལེགས་བཤད་ཅུང་ཟད་ཐོས་ཙམ་གྱིས།།
སེམས་ལ་དད་པ་གཏིང་སྐྱེས་དཀའ།།

མེ་འོད་འབར་བའི་རལ་གྲི་ནི།།
མིན་ཡང་བཟུང་བས་དགྲ་འཇོམས་ལྟར།།
མཚན་ཉིད་ཀུན་ལྡན་མ་ཡིན་ཡང༌།།
བླ་མ་བསྟེན་པས་ཉེས་ཚོགས་ཞི།།

ཐོ་བ་ནམ་མཁར་འདེགས་པ་ན།།
ལྕི་ཡང་ལག་པས་འཇལ་བར་བྱེད།།
རྒྱལ་བའི་གསུང་མཆོག་ལེགས་བཤད་ལ།།
ཕྲ་ཞིབ་རིག་པས་བརྟག་དཔྱད་བྱ།།

དེ་ལས་མང་བ་། “དམ་པ་ཆོས་ལུགས་ཀྱི་ལྕགས་ཀྱི་བསྟན་བཅོས་ལེགས་བཤད་དགོས་འདོད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ།།” »

དེབ་ཐེར།

དམ་པ་ཆོས་ལུགས་ཀྱི་མེའི་བསྟན་བཅོས་ཐར་ལམ་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།།

Posted on 2009-01-152009-01-15 By དབང་ཕྱུག་ 1 Comment on དམ་པ་ཆོས་ལུགས་ཀྱི་མེའི་བསྟན་བཅོས་ཐར་ལམ་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།།

ནོམ་ཆི་མཁན་པོ་ངག་དབང་ཕུན་ཚོགས།

ཡེ་ཤེས་འོད་ཀྱི་སྣང་བ་ཡིས།།
མ་རིག་མུན་པ་སེལ་མཛད་པ།།
ཐུབ་པ་སྒྲོན་མེ་རྣམས་ལ་འདུད།།
ཐུགས་རྗེས་འགྲོ་ཀུན་རྗེས་སུ་ཟུངས།།

སྣུམ་གྱིས་རབ་བཟུང་སྡོང་བུ་ལས།།
མེ་ཡི་འོད་ཟེར་མཆེད་པ་བཞིན།།
དད་པ་བརྟན་ན་དེའི་རྒྱུད་ལ།།
ཆོས་ཀྱི་སྣང་བ་རྒྱས་པར་འགྱུར།།

རིན་ཆེན་སྒྲོན་མེ་བསྟེན་བྱས་ན།།
མུན་པ་སེལ་ཞིང་སྣང་བ་གསལ།།
དེ་བཞིན་དམ་པའི་བཤེས་ལ་བསྟེན།།
གཏི་མུག་མུན་སེལ་ཤེས་རབ་གསལ།།

མུན་འཐིབ་བྱུང་ཚེ་སྒྲོན་མེ་སྦར།།
འོད་ལ་བརྟེན་ནས་གང་འདོད་རྩོམ།།
མི་ཤེས་སྐབས་སུ་བཤེས་གཉེན་བསྟེན།།
དེ་ནས་ཐོས་བསམ་གང་འདོད་རྩོམ།།

སྒྲོན་མེའི་འོད་ནི་ཆེས་གསལ་ཡང༌།།
ལོང་བ་རྣམས་ལ་ཕན་མི་འགྱུར།།
བཤེས་གཉེན་ཉི་མ་གསལ་གྱུར་ཀྱང༌།།
དད་བརྩོན་མིག་བྲལ་ཅི་སྟེ་ཕན།།

སྣང་གསལ་ལྡན་ན་མཚན་མོར་ཡང༌།།
མི་དག་དགའ་བཞིན་བྱ་བ་བྱེད།།
དམ་པའི་མགོན་དང་བཅས་པའི་སྐབས།།
ཆོས་བཞིན་སྤྱོད་ལ་དགའ་བར་བྱ།།

དེ་ལས་མང་བ་། “དམ་པ་ཆོས་ལུགས་ཀྱི་མེའི་བསྟན་བཅོས་ཐར་ལམ་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།།” »

དེབ་ཐེར།

ནོམ་ཆི་མཁན་པོ་ངག་དབང་ཕུན་ཚོགས་ཀྱི་མཛད་རྣམ།

Posted on 2009-01-152009-01-15 By དབང་ཕྱུག་ 31 Comments on ནོམ་ཆི་མཁན་པོ་ངག་དབང་ཕུན་ཚོགས་ཀྱི་མཛད་རྣམ།

གཡེར་གཤོང་མཁན་ཆེན་ནོ་མོན་ཧན་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོའམ་ཡོངས་གྲགས་ནོམ་ཆི་མཁན་པོ་ངག་དབང་ཕུན་ཚོགས་རིན་པོ་ཆེ་མཆོག་ནི། རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་རྒྱན་ཆོས་སྡེ་ཆེན་པོ་རོང་པོ་དཔལ་གྱི་དགོན་ཆེན་ཕྱོགས་ཀུན་ལས་རྣམ་པར་རྒྱལ་བའི་ནུབ་བྱང་མཚམས་ཀྱི་འབྲོག་སྡེ་ཆེན་པོ་བློན་ཆོས་སུ་རུག་ཞེས་པར། ཡབ་བསོད་ནམས་རྒྱལ་དང་ཡུམ་བཀྲ་ཤིས་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཆུ་རྟ་ཕྱི་ལོ་ ༡༨༨༢ ལོར་སྐུ་བལྟམས་ཤིང༌། བོད་རབ་བྱུང་བཅུ་དྲུག་པའི་ཤིང་རྟ་ཕྱི་ལོ་ ༡༩༤༦ ལོར་རྒྱང་རྩེ་རུ་དགོངས་པ་རྫོགས། དེ་དུས་དགུང་གྲངས་དོན་གསུམ་ཡིན།།

དེ་ལས་མང་བ་། “ནོམ་ཆི་མཁན་པོ་ངག་དབང་ཕུན་ཚོགས་ཀྱི་མཛད་རྣམ།” »

སྣ་ཚོགས།

ཅིན་ཤར་མའི་དགེ་སློང་ཧཕ་ཤཱན་དང་ཁོང་གི་འགྲུལ་བསྐྱོད་ཟིན་ཐོ་ངོ་སྤྲོད་རགས་བསྡུས།

Posted on 2009-01-15 By དབང་ཕྱུག་ No Comments on ཅིན་ཤར་མའི་དགེ་སློང་ཧཕ་ཤཱན་དང་ཁོང་གི་འགྲུལ་བསྐྱོད་ཟིན་ཐོ་ངོ་སྤྲོད་རགས་བསྡུས།

རྒྱ་ནག་གི་གནའ་རབས་ལོ་རྒྱུས་ཁྲོད་རྒྱ་གར་དུ་ཕེབས་པའི་རྒྱའི་ཧ་ཤང་མཚན་སྙན་ཆེ་བ་གསུམ་ཡོད་པའི་ཡ་གྱལ་དང༌།དེ་གསུམ་ལས་ཀྱང་ཐོག་མར་འཕགས་ཡུལ་དུ་ཕེབས་མཁན་ཧཕ་ཤཱན་ནམ་བོད་སྐད་དུ་བན་ཆེན་པོ་ཆོས་སྣང་དང་ཐོས་བཟུང་ཞེས་གྲགས་པའི་བཙུན་པ་ཁོང་ཕྱི་ལོ་༣༣༥ལོར་ཅིན་ཤར་མའི་རྒྱལ་པོ་གསུམ་པ་ཁྲན་ཏིས་ཀྱི་སྐབས་སུ་ཁོའི་མངའ་ཁོངས་ཤན་ཤིའི་ས་ཁུལ་དུ་འཁྲུངས་ཤིང༌།ཡུལ་སྲོལ་དང་མཐུན་པའི་སློབ་སྦྱོང་རིམ་པར་མཛད་རྗེས་ནང་བསྟན་ཆོས་ལུགས་ལ་དད་ཞེན་བླ་ལྷག་ཏུ་ཆེ་ཁར།རང་སྲོག་ཀྱང་ཆོས་ཀྱི་དོན་གཏོང་ཐུབ་པའི་སྐྱེས་བུ་དམ་པར་གྱུར།གོང་ཞུས་བཞིན་ཁོང་སངས་རྒྱས་ཆོས་ལུགས་ལ་དད་གུས་ཚད་མེད་བྱེད་པའི་དགེ་འདུན་པ་ཞིག་ཡིན་སྟབས་སྤྱིར་རྒྱ་ཡུལ་དུ་རྒྱལ་བསྟན་དར་སྤེལ་ཆེད་ཁུར་བརྩོན་གནང་མུས་ཁར།ལྷག་པར་འདུལ་པའི་བསྟན་པ་ཉམས་དམས་སུ་སོང་བར་དགོངས་ནས།རང་ཉིད་ནང་བསྟན་ཆོས་ལུགས་ཀྱི་བསྟན་པ་དང་སྟོན་པའི་ཕ་ཡུལ་ལམ་འབྱུང་ཁུངས་ལྟ་བུའི་འཕགས་ཡུལ་དུ་ཕེབས་འདོད་ཀྱི་ཀུན་སློང་ཆེན་པོ་བྱུང་སྟབས།དགུང་ལོ་དྲུག་ཅུ་རེ་ལྔ་པ་ཕྱི་ལོ་༣༩༩ཅིན་ཤར་མའི་རྒྱལ་རབས་བཅུ་པ་ཨན་ཏིས་ཀྱི་ཁྲི་ལོ་གཉིས་པར་ལམ་གྲོགས་ཁག་གཅིག་དང་ལྷན་དུ་ཁྲང་ཨན་ནས་ལམ་ལ་ཆས་མགོ་བརྩམས་ཏེ་ཤིས་ཨན་དང༌།ལུང༌།ལན་ཆོ།ཅང་ཡེ།ཏུན་ཧུང༌།ལོབ་ནོར།ཤེན་ཤེན།ཁོ་ཏན་སོགས་དབུས་ཨེ་ཤ་ཡའི་ས་ཁུལ་རྣམས་ཞབས་ཐང་གིས་རིམ་བཞིན་བརྒལ་བགྲོད་གནང་ནས་ཕྱི་ལོ་༤༠༢ལོར་རྒྱ་གར་ནུབ་བྱང་གི་ས་གནས་ཨུ་རྒྱན་དང༌།པས་ཤ་ཝར་བཅས་སུ་འབྱོར།པས་ཤ་ཝར་ནི་སེམས་ཙམ་པའི་སློབ་དཔོན་ཐོགས་མེད་སྐུ་མཆེད་དང་དགེ་སློང་རྩིབ་ལོགས་ཀྱི་འཁྲུངས་ཡུལ་ཡང་ཡིན།དེ་ནས་མུ་མཐུད་ཁོང་སྙན་གྲགས་ཅན་གྱི་སློབ་གཉེར་ལྟེ་གནས་དང་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ཚེ་དང་འབྲེལ་པ་ཡོད་པའི་ས་གནས་སེར་སྐྱའི་གྲོང་ཁྱེར་དང༌།མཉན་ཡོད།ལུམ་བི་ནི།རྩ་མཆོག་གྲོང༌།ཡངས་པ་ཅན།རྡོ་རྗེ་གདན།ནལེནྡཱ་སོགས་སུ་ཕེབས་ཤིང་རྒྱ་གར་ནང་བཞུགས་རིང་དེང་དུས་པཊ་ན་ཞེས་པའི་གྲོང་ཁྱེར་དེ་བཞུགས་གནས་གཙོ་བོ་མཛད།ས་གནས་དེ་ཉིད་ནང་པའི་ལོ་རྒྱུས་ནང་གྲགས་པའི་བཀའ་བསྡུ་གསུམ་པ་ཚུགས་ས་ཡང་ཡིན།ཧཕ་ཤཱན་གྱིས་གནའ་སྔ་མོའི་སཾསྐྲྀཏའི་སྐད་ཡིག་ཐོག་གི་ནང་ཆོས་ཀྱི་མདོ་སྡེ་དང་དམིགས་བསལ་དགེ་འདུན་པའི་འདུལ་ཁྲིམས་སྐོར་ཞིབ་ཚགས་ཀྱིས་སློབ་གཉེར་བྱས།ཁོང་གིས་རྒྱ་གར་ནས་སློབ་གཉེར་གྲུབ་མཚམས་ཤྲི་ལངྒར་ལོ་གཉིས་བཞུགས་སྟེ་མུ་མཐུད་སློབ་གཉེར་གནང་མཐར་རྒྱ་མཚོ་བརྒྱུད་དེ་རྒྱ་ནག་ལ་ཕེབས།སློབ་དཔོན་ཁོང་དང་ཐོག་རྒྱ་གར་དུ་ཕེབས་སྐབས་ཟླ་བོ་བཞི་བཅས་བྱོན་ན་ཡང་རེ་འགའ་ལམ་ནས་སྐུ་གཤེགས་པ་དང༌།རེ་འགའ་ལམ་བར་ནས་ཕྱིར་ལོགད་དུང་ཟླ་བོ་གཅིག་རྒྱ་གར་ནས་ཆོས་ཀྱིས་ཡིད་འཕྲོག་སྟེ་རྒྱ་གར་རང་ནས་སྐྱེ་བ་ནས་སྐྱེ་བར་ཚོགས་གསོག་སྒྲིབ་སྦྱོང་གིས་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱེད་པའི་དམ་བཅས་ཏེ་བཞུགས་པ་སོགས་བྱུང་སྟབས་རྗེས་སུ་ཡུལ་དབུས་མ་ག་དྷཱ་སོགས་སུ་ཁོང་གཅིག་པུར་ཕེབས་ཐོགམཐར་རྒྱ་ཡུལ་དུ་ཕེབས་སྐབས་ཀྱང་མཚོ་གྲུའི་ནང་ཁོང་དང་མཉམ་དུ་འགྲོ་མཁན་ཡོད་ཙམ་ཞིག་ལས།བློ་གཏད་ཡིད་ཆེས་བྱེད་སའི་ལམ་གྲོགས་མེད་ཁར།ད་དུང་ཁོང་གིས་ཅ་ལག་དང་ཆོས་དཔེ་གང་མང་བསྣམས་ཡོད་སྟབས་ལམ་གྲོགས་ཚོང་པ་ཚོའི་གནོན་ཤུགས་ལ་བརྟེན་ནས་ཁོང་གི་ཆོས་དཔེ་སྲུང་སྐྱོབ་ཆེད་ཅ་ལག་མང་པོ་ཆུར་གཡུགས་དགོས་བྱུང་བ་མ་ཟད།ཐེངས་གཅིག་ལམ་གྲོགས་ཚོས་ཁོང་རང་གྲུ་ནས་ཕབ་རྩིས་བྱས་པ་སོགས་དཀའ་ཁག་གང་མང་འཕྲད་རྗེས་གཞི་ནས་རང་ཡུལ་དུ་སླེབས་ཐུབ་པ་བྱུང་ཡོད།ཁོང་དཀའ་སྤྱད་སྡུག་རུས་དེ་ལྟ་བུ་ཞིག་གི་སྒོ་ནས་འཕགས་ཡུལ་དུ་ཕེབས་ཏེ་སངས་རྒྱས་ཆོས་ལུགས་ལ་མཚོན་ན་ཧ་ཅང་གལ་འགངས་ཆེ་བའི་མདོ་གང་མང་དང༌།ཕལ་ཆེན་སྡེའི་འདུལ་བ་སོགས་ཆོས་མང་པོ་རྒྱ་ཡུལ་དུ་གདན་དྲངས་ནས།ཕྱི་ལོ་༤༡༦དགུང་ལོ་གྱ་གཉིས་སྟེང་ཕྱིར་རྒྱ་ཡུལ་དུ་ཕེབས།སྐུ་ཚེ་ལྷག་མར་རྒྱ་ཡུལ་རང་དུ་བཞུགས་ཏེ་དེ་སྔ་འཕགས་ཡུལ་ནས་བཀའ་བསྟན་ཇི་སྙེད་ཅིག་འཚོལ་སྒྲུབ་བྱས་པ་རྣམས་རྒྱ་སྐད་དུ་བསྒྱུར།ཁོང་གི་གནས་སྐོར་འགྲིམ་འགྲུལ་གྱི་བརྗེད་ཐོའི་ནང་རྒྱ་གར་གྱི་ནང་པའི་འགྲེལ་བརྗོད་ཆེས་གལ་འགངས་ཆེན་པོ་དེ་འདྲ་ཡོད་པར་མ་ཟད།ཁོང་གི་འགྲིམ་འགྲུལ་གྱི་དཀའ་ཁག་དང་འཇིགས་སྣང་བཅས་ཀྱི་སྐོར་ཞིབ་ཀློག་བྱས་ཚེ་སེམས་འགུལ་ཟབ་མོ་ཐེབས་བྱེད་ཇི་སྙེད་ཅིག་ཡོད།གང་ལྟར་ཁོང་དགུང་ལོ་བརྒྱད་བཅུ་གྱ་དྲུག་རིང་བཞུགས་ཤིང་ཐོག་མར་རྒྱ་ཆེ་ཞིང་གཏིང་ཟབ་པའི་སངས་རྒྱས་ཆོས་ལུགས་ཁག་ལ་ཐོས་བསམ་སློབ་གཉེར་དང༌།དཀའ་སྤྱད་ཉམས་ལེན་གནང་སྟེ་རང་ཉིད་མཁས་ཤིང་གྲུབ་པར་མཛད་ཐོགརྒྱུ་དེས་རང་ཡུལ་དུ་ཕེབས་ཏེ་གང་ལ་གང་འདུལ་གྱིས་ཆོས་བསྟན་པ་དང༌།གསུང་རབ་བསྒྱུར་བ་སོགས་བསྟན་འགྲོའི་དོན་རླབས་ཆེན་བསྐྱངས།ཁོང་གི་ལམ་ཡིག་མཇུག་ཏུ་རང་གིས་མཐོང་བ་དང་ཐོས་པའི་ཚུལ་ཐམས་ཅད་སྟོན་པ་ལ་དད་ཅིང་ཆོས་དོན་དུ་གཉེར་བའི་ཞི་དུལ་བག་ཡོད་ཀྱི་ཚོགས་རྣམས་ཀྱིས་མཐོང་བའི་ཆེད་དུ་དར་སྲབ་ཀྱི་སྟེང་དུ་བྲིས་ནས་སྨྱུག་མའི་གླེགས་བམ་ནང་ཆོས་ཁྲིའི་སྟེང་དུ་བཞག་གོ་ཞེས་གསལ་པ་བཞིན་དུས་ཕྱིས་ཕྱི་ལཽ་༡༨༦༩ལོར་དབྱིན་ཡུལ་གྱི་ཆོས་ལུགས་རིག་པའི་མཁས་ཅན་སློབ་དཔོན་རཻཕརེནབྱ་ཨེཅ་ཨཱེ་ཇཡེལ་ཞེས་པས་རྒྱའི་གནའ་ཡིག་ཅིག་ནས་དབྱིན་ཡིག་ནང་ཕབ་བསྒྱུར་བྱས་སྟབས།ལམ་ཡིག་འདི་ཉིད་སྒྲོན་མེའི་ཚུལ་དུ་བཏེགས་ཏེ་རྒྱ་གར་ནང་བསྟན་གྱི་གནས་ཆེན་ཁག་འཚོལ་ཞིབ་བྱེད་པའི་མཐུན་རྐྱེན་སྔར་མེད་གསར་པ་ཞིག་ཏུ་ཆགས་ནས་ཕན་ཐོགས་ཆེན་པོ་བྱུང་ཡོད། དེ་ལྟར་དབྱིན་འགྱུར་དེ་ཉིད་པུརྱ་དའི་བླ་མ་ལོ་ཙཱ་པ་ཞིག་གི་ཕྱག་ཏུ་སོན་སྟབས་ཁོང་གིས་ཧོར་སྐད་དུ་བསྒྱུར་ཞིང།ཧོར་ཡིག་ནས་སོག་པོ་བློ་བཟང་རྟ་དབྱངས་ཀྱིས་ཕྱི་ལོ་༡༩༡༨ལོའི་བོད་ཟླ་བཅུ་པའི་ནང་ཆོས་སྡེ་ཆེན་པོ་དཔལ་ལྡན་ཏཱ་ཁུ་རལ་གྱི་གཙུག་ལག་ཁང་ནས་བོད་ཡིག་ཏུ་བསྒྱུར་པ་ཞིག་ཡོད་ཁར།ཕྱི་ལོ་༢༠༠༦ལོར་བཀའ་ཟུར་བཀྲས་མཐོང་ཚེ་དབང་ཆོས་རྒྱལ་གྱིས་ལམ་ཡིག་འདི་དབྱིན་ཡིག་ལས་བོད་བསྒྱུར་གནང་ཐོགརཀཿརིན་པོ་ཆེ་ཐུབ་བསྟན་ཆོས་དར་གྱིས་བསྐྱར་ཞིབ་དང་ཞུ་དག་མཛད་པ་ཞིག་འདི་གར་སླེབས་པ་བཅས་མཉམ་དུ་པར་སྐྲུན་ཞུས་པ་ཞིག་ཡིན།དེས་ན་འདིར་བཀོད་པའི་ལམ་ཡིག་ཉིས་ཆ་རྒྱའི་མ་ཡིག་ནས་བོད་བསྒྱུར་མཛད་པ་མིན་པར།སྔ་མ་རྒྱ་ཡིག་ནས་དབྱིན་ཡིག་དང༌།ཧོར་ཡིག་བརྒྱུད་ནས་བོད་ཡིག་ནང་སླེབས་པ་ཞིག་ཡིན་ཞིང༌།ཕྱི་མ་རྒྱ་ཡིག་ནས་དབྱིན་བསྒྱུར་མཛད་པ་དེ་ཉིད་བོད་ཡིག་ནང་བླངས་པ་ལས་སྐད་ཡིག་གཞན་བརྒྱུད་མེད་ན་ཡང༌།ད་དུང་མ་ཡིག་དངོས་དང་མི་འདྲ་ས་ཡོད་སྟབས་ཕྱིས་སུ་ཞིབ་འཇུག་བྱེད་མི་ཚོས་མ་ཡིག་དང་བསྡུར་གལ་ཆེ་བར་མཐོང༌།སོག་པོ་རྟ་དབྱངས་ཀྱིས་ཕཱ་ཧྱེན་ལམ་ཡིག་བོད་བསྒྱུར་མཛད་པའི་མཚན་བྱང་ནང༌།ཆེན་པོ་ཧཱན་གུར་གྱི་བཙུན་པ་ཞེས་གསལ་པ་དང༌།ཡང་ལེའུ་དང་པོའི་དབུར་ཧཕང་ཞི་རྒྱལ་པོའི་ཁྲིར་ཞུགས་གཉིས་པར་རྒྱ་གར་དུ་ཕེབས་ཞེས་གསལ་ཁར།ལམ་ཡིག་ཨ་མའི་ནང་དུའང་ཁོང་འཕགས་ཡུལ་དུ་ཕེབས་ལོ་ཧོང་ཧྲི་ཁྲི་ལོ་གཉིས་པ་ཡིན་ཚུལ་སོགས་གསལ་སྟབས་རྟ་དབྱངས་ཀྱིས་བསྒྱུར་པའི་ཧཕང་ཞི་དང༌། ལམ་ཡིག་ཨ་མའི་ནང་གི་ཧོང་ཧྲི་ཞེས་པ་དེ་གཉིས་གཞི་གཅིག་ཡིན་ཚོད་ཅིང༌། དེ་འདྲའི་ཧོང་ཧྲི་དང་ཧཕང་ཞི་རྒྱལ་པོ་ཟེར་པའི་མཚན་ཅན་ཞིག་ཅིན་ཤར་མའི་རྒྱལ་ཁོངས་ནས་མ་རྙེད་ན་ཡང༌། ལོ་ཚིགས་དང་བསྡུར་ནས་བལྟས་ཚེ་ཧོང་ཧྲི་དང་ཧཕང་ཞི་ཟེར་པ་ཉིས་ཆ་དོན་ལ་ཅིན་ཤར་མའི་རྒྱལ་པོ་བཅུ་པ་སི་མ་ཏི་ཙུང་ཡིན་པ་ཧ་ཅང་གསལ།ཧཕ་ཤཱན་འཕགས་ཡུལ་དུ་ཕེབས་ལོ་ཕྱི་ལོ་༣༩༩ཧོང་ཧྲི་དང་ཧཕང་ཞི་རྒྱལ་པོའི་ཁྲི་ལོ་གཉིས་པ་ཡིན་ཟེར་པ་ལྟར།ཏག་ཏག་ཕྱི་ལོ་༣༩༩དེ་ཉིད་སི་མ་ཏི་ཙུང་གི་ཁྲི་ལོ་གཉིས་པ་ཡིན་པ་དང༌།ཡང་བོད་རིགས་པའི་མཁས་དབང་དོར་རིན་པོ་ཆེས་སེང་ཀྲོའི་དབུ་མའི་གསུང་བཏུས་བོད་བསྒྱུར་མཛད་པའི་གཤམ་མཆན་ཨང་བཞི་པར།ལི་ཡུལ་གྱི་མཁས་པའི་སློབ་དཔོན་ལོ་ཙཱ་བ་ཆེན་པོ།ཀུ་མཱ་ར་ཇི་བ།རྒྱ་སྐད་དུ་ཅེའུ་མོ་ལོ་ཧྲི་ཞེས་བྱང་སེམས་ཆེན་པོ་ཕྱི་ལོ་༣༤༤ནས་༤༡༣བར།དེ་ཆིན་ཕྱི་མའི་ཧོང་ཧྲི་ཁྲི་ལོ་བཞི་པར་ཕྱི་ལོ་༤༠༢ལཁྲང་ཨན་གྲོང་ཁྱེར་གྱི་ཞོ་ཡོ་ཡོན་ཞེས་པའི་ཀུན་དགའ་ར་བར་རྒྱའི་བཙུན་པ་ལྔ་སྟོང་ལྷག་འདུས་པར་ཤེར་ཕྱིན་གྱི་དཔེ་ཁྲིད་གནང་བ་དང་སོགས་གསུངས་པའི་ཟུར་གྱི་ཧོང་ཧྲི་ཁྲི་ལོ་བཞི་པ་ཕྱི་ལོ་༤༠༢ཞེས་གསུངས་པ་དེར་ཁྲི་ལོ་དང་ལོ་ཚིགས་གཉིས་བར་ལོ་གཅིག་གི་ཆད་ལྷག་ཤོར་སྐྱོན་ཙམ་ལས་གཞན་ཅིན་རྒྱལ་པོ་དེ་ཉིད་ཅིན་ཕྱི་མའམ་ཤར་མ་ཡིན་པ་དང༌།ཁོའི་ཁྲི་ལོ་གཉིས་པ་ཕྱི་ལོ་༣༩༩ལ་ཁེལ་པ་དང༌།ཁྲི་ལོ་བཞི་པ་ཕྱི་ལོ་༤༠༡ཡིན་པ་སོགས་ཕན་ཚུན་བསྡུར་ཚེ་ཧཕ་ཤཱན་ལམ་ཡིག་སྔ་འགྱུར་ཁག་ཏུ་ཧོང་ཧྲི་དང་ཧཕང་ཞི་ཟེར་པ་སོགས་དོན་ལ་སི་མ་ཏི་ཙུང་ཡིན་པ་གསལ་པོ་རེད།ལྷག་པར་དུ་ཀུ་མ་ར་ཛི་བས་ཁྲང་ཨན་ནས་ཆོས་གསུངས་པ་དེའང་ཕྱི་ལོ་༤༠༡ཡིན་ངེས་པ་ནི།ལོ་དེ་རང་ལ་ཁོང་ལེའུ་ཀྲོ་ནས་ཚུར་ཁྲང་ཨན་དུ་ཕེབས་པ་ཡིན་པས་ཁོང་གིས་ཁྲང་ཨན་ནས་ཆོས་གསུངས་ལོ་ཐོག་མ་དེའང་ཕྱི་ལོ་ ༤༠༢ཡིན་མི་སྲིད་པར་སེམས།དེས་ན་ཧཕ་ཤཱན་ཁོང་འཕགས་ཡུལ་དུ་ཕེབས་ལོ་ཅིན་ཤར་མའི་རྒྱལ་རབས་བཅུ་པ་ཨན་ཏིས་ཀྱི་ཁྲི་ལོ་གཉིས་པ་ཡིན་པར་ཐེ་ཚོམ་མེད་པ་དང༌།དེ་མཚུངས་ཁོང་ལ་ཧཱན་གུར་གྱི་བཙུན་པ་ཟེར་དོན་ཧཱན་རྒྱལ་རྒྱུད་ཀྱི་རུས་སུ་གཏོགས་པ་ཞིག་ཡིན་ནམ་སྙམ་ཞིང༌།དོན་དངོས་སུ་ཁོང་ཅིན་ཤར་མའི་དུས་སྐབས་ཀྱི་བཙུན་པ་ཞིག་ཡིན་པ་ཐེ་ཚོམ་མེད་པ་དེའང་མཁྱེན་དགོས་པ་ཞིག་ཡིན།ལར་ཀློག་པ་པོ་རྣམས་ཀྱི་ཆེད་དུ་ལམ་ཡིག་འདིས་མཚོན་པའི་ལམ་ཡིག་ཁག་ཞིབ་འཇུག་ནན་ཏན་བྱས་ནས་མཚམས་སྦྱོར་བྱེད་གལ་ཆེ་བ་སྨྲོས་མེད་ཡིན་ན་ཡང༌།འདི་གར་གཅིག་ནས་ལས་བྲེལ་ཆེ་དབང་གིས་རང་གི་འདོད་བློ་བཞིན་མ་བྱུང་བ་དང༌།གཉིས་ནས་ངོ་སྤྲོད་ཚད་ལྡན་བྱས་ཚེ་ལམ་ཡིག་ཨ་མ་དང་མཉམ་པའི་ཡིག་ཚོགས་ཤིན་ཏུ་ཆེ་བར་འགྱུར་ངེས་ལ་སོང་ད་ལན་འདི་ནས་ངོ་སྤྲོད་མཚམས་སྦྱོར་མདོར་བསྡུས་ཤིག་བྱས་ནས་ཞིབ་མོའི་འཇུག་པ་དེ་ཉིད་ཀློག་པ་པོའི་བགོ་སྐལ་དུ་བཞག་པ་ལྟ་བུ་བྱས་ཡོད་པ་བཅས་སོ།།

གསར་འགྱུར།

མི་རིག་འདྲ་ཡོད་ན་དགོད་སྤྱད། ཟོག་རིག་འདྲ་ཡོད་ན་འཁོན་སྤྱད། རྩོམ་རིག་འདྲ་ཡོད་ན་་་་་་་

Posted on 2009-01-152009-01-15 By དབང་ཕྱུག་ No Comments on མི་རིག་འདྲ་ཡོད་ན་དགོད་སྤྱད། ཟོག་རིག་འདྲ་ཡོད་ན་འཁོན་སྤྱད། རྩོམ་རིག་འདྲ་ཡོད་ན་་་་་་་

༼ད་ལྟ་བ་དུས་དེབ་ལས་ཚན་བཤུ་བྱས༽
༼༡༽
རྒྱལ་བ་གཉིས་པ་འཇམ་དཔལ་སྙིང་པོ་ལ་ཁྱད་པར་བཞི་ལྡན་གྱི་ཚུལ་དུ་རབ་བསྔགས་དད་པའི་མེ་ཏོག་ཅེས་བྱ་བ་བཞུགས་སོ།།
འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།

ཨོཾ་སྭ་སྟི། མ་ལུས་ཕྱོགས་དུས་རྒྱལ་བའི་མཁྱེན་རབ་གང༌།། གཅིག་བསྡུས་རྗེ་བཙུན་ངག་གི་དབང་ཕྱུག་ནི།། ངུར་སྨྲིག་འཛིན་པའི་གཟུགས་སུ་རྣམ་རོལ་བ།། མཚུངས་མེད་བློ་བཟང་རྒྱལ་བའི་དབང་པོ་ཁྱོད།། རྙོག་བྲལ་ཡིད་ཀྱི་རྒྱ་མཚོ་དྭངས་པའི་ངོས།། དད་པའི་འདབ་སྟོང་བཞད་པའི་གེ་སར་ལ།། དགྱེས་པར་བཞུགས་ནས་མོས་ལྡན་བདག་ཅག་གི།། བསྟོད་པའི་མེ་ཏོག་འཐོར་ལ་ཡུད་ཙམ་དགོངས།། སྟོན་པ་མཆོག་དེས་དཔག་མེད་དཀའ་བ་ཡིས།། བསྒྲུབས་པའི་ཆོས་ཚུལ་ཡིད་བཞིན་རིན་པོ་ཆེ།། བཤད་དང་སྒྲུབ་པའི་རྒྱལ་མཚན་རྩེར་འགོད་པའི།། སྙིང་སྟོབས་རྡོ་རྗེའི་དམ་བཅའ་ཁྱོད་ཀྱིས་བཞེས།། རྒྱུ་སྐར་ཕྲེང་བར་རྒྱུ་སྐར་བདག་པོ་བཞིན།། རྒྱལ་སྲས་རྒྱ་མཚོའི་དབུས་ན་ཁྱོད་ཉིད་ནི།། རྒྱལ་བའི་རྒྱལ་ཚབ་གཅིག་པུར་བསྔགས་པ་ཡི།། སྒྲ་དབྱངས་མཐའ་ཡས་རྒྱལ་བའི་ཞིང་ཀུན་གྲགས།། རྨད་བྱུང་རྒྱལ་སྲས་ཐུ་བོའི་རྣམ་ཐར་མཐའ།། རྫོགས་ཀྱང་ད་དུང་བྱིས་པའི་རོལ་རྩེད་ཀྱིས།། བསྟན་ལ་རིམ་བཞིན་སློབ་པའི་རྫུ་བག་འདིས།། ཡང་དག་ལམ་ལ་སྐྱེ་བོའི་ཚོགས་ཀུན་དྲོངས།། རབ་འབྱམས་མདོ་དང་རྒྱུད་སྡེའི་ཟབ་རྒྱས་གནད།། ཇི་བཞིན་མ་ནོར་འབྱེད་པའི་རྣམ་དཔྱོད་ཀྱིས།། མང་དུ་ཐོས་པ་རྒྱ་མཚོའི་ཚུལ་འཆང་བས།། ལེགས་བཤད་བྱེ་བའི་ཆུ་ཀླུང་གནས་སུ་གྱུར།། སྣ་ཚོགས་གཞུང་ལུགས་སོ་སོའི་དགོངས་པའི་དོན།། རང་བཟོས་དྲི་མ་གཞར་ཡང་མ་མཆིས་པར།། ཚུལ་བཞིན་འགྲེལ་བར་བྱེད་ལ་ཁྱོད་དང་ནི།། མཚུངས་པ་མེད་ན་ལྷག་པ་ལྟ་ཅི་ཞིག ། འདི་ན་གྲུབ་མཐའི་ཚུལ་དང་ཐེག་པའི་གཞུང༌།། རང་འདོད་ཕྱོགས་སུ་ལྷུང་བས་རྣམ་པར་དཀྲུགས།། ཁྱོད་ནི་རྒྱལ་བའི་བསྟན་པ་འབའ་ཞིག་གིས།། དབང་བྱས་ཕྱོགས་མེད་གཟུ་བོའི་ལམ་ལ་རྒྱུ།། ཐོག་མེད་སྲིད་པའི་ས་བོན་དངོས་ཞེན་དགྲའི།། སྲོག་ལ་བདག་མེད་ལྟ་བའི་མཚོན་འདེབས་པར།། ཁྱོད་ཉིད་ལྷག་པར་སྒྲིན་པའི་ངང་ཚུལ་གྱིས།། བདུད་ཀྱི་སྡེ་ཆེན་ཕམ་པའི་ཆོ་ངེ་བསྒྲགས།། སྲས་བཅས་རྒྱལ་བའི་དགོངས་དོན་མ་ནོར་བ།། སྟོང་དང་རྟེན་འབྱུུང་ཟབ་མོའི་དེ་ཉིད་ལ།། ཡིད་ཆེས་གཏིང་ནས་རྙེད་པའི་སྒོ་གཅིག་པུ།། ཁྱོད་ཀྱི་ལེགས་བཤད་རྣམས་ལས་གཞན་པ་གང༌།། ཐེག་མཆོག་སྔགས་ཀྱི་སྙིང་པོར་གྱུར་པ་ཡི།། སྒྱུ་ལུས་འོད་གསལ་གྱིས་མཚོན་ཟབ་མོའི་གནད།། ཇི་བཞིན་བཀྲོལ་བས་དཀྱིལ་འཁོར་བདག་པོས་ཀྱང༌།། ཁྱོད་ལ་ཟླ་བ་བཟང་པོ་འདྲ་བར་བསྔགས།། ལྷག་བསམ་དག་པ་ཁྱོད་ཐུགས་འོ་མའི་མཚོར།། འཇམ་མགོན་ཟླ་བའི་འོད་བཟང་རྟག་འཐུང་བས།། ཕྲིན་ལས་ཟེགས་མ་དཀར་པོ་གཅིག་གིས་ཀྱང༌།། བསིལ་ལྡན་ར་བའི་ཁོར་ཡུག་ཕྱུར་བུར་བཀང༌།། མཐས་ཡས་གཞུང་ལུགས་ཀུན་གྱི་བརྗོད་བྱའི་དོན།། འགལ་བ་མེད་པར་ལམ་གྱི་ཆ་རྐྱེན་དུ།། ཉམས་ལེན་གནད་ཀྱི་གདམས་པར་འཆང་བ་ཡི།། ཀུན་ཕན་བདུད་རྩིའི་མཆོད་སྦྱིན་ཁྱོད་ཀྱིས་བཀྲམ།། རྒྱལ་སྲས་རྣམས་ཀྱི་ཟབ་རྒྱས་སྤྱོད་པའི་ཚུལ།། ཉིད་ཀྱི་མཛད་བཟང་སྣང་བས་གསལ་བྱས་པ།། དེ་ཚེ་ཕྱོགས་རེས་ཁེངས་ལྡན་གཞན་གྱི་ལུགས།། ཉིན་མོར་བྱེད་པས་རྒྱུ་སྐར་བཞིན་དུ་མནན།། རྨད་བྱུང་ཤིང་རྟ་གཉིས་ཀྱི་གཞུང་ལུགས་དང༌།། གྲུབ་མཆོག་རྣམས་ཀྱི་ལེགས་པར་བཀྲལ་བ་ཡི།། ཟབ་མོ་རྡོ་རྗེ་ཐེག་པའི་ལམ་གྱི་འགྲོས།། ཉམས་ལེན་གནད་དུ་སྒྲིལ་བ་ཁྱོད་ཀྱི་སྲོལ།། དེ་ཕྱིར་མདོ་དང་སྔགས་ཀྱི་བསྟན་པ་གང༌།། ཡོངས་རྫོགས་ཆོས་ཀྱི་རྒྱལ་པོ་ཁྱོད་ཀྱི་ནི།། བཤད་དང་སྒྲུབ་པའི་རྒྱལ་ཐབས་རིན་པོ་ཆེ།། སྲིད་པ་གསུམ་གྱི་བླ་ན་མངོན་པར་འཕགས།། བཤད་དང་སྒྲུབ་པ་ཕྱོགས་རེའི་བརྟུལ་ཞུགས་ཀྱི།། འོད་བཟང་སྤྲོ་བའི་བློ་ལྡན་རྒྱུ་སྐར་བརྒྱས།། མཁྱེན་མཆོག་ནམ་མཁའི་ནོར་བུ་ཁྱེད་གཅིག་ལ།། འགྲན་མི་ནུས་ན་སུ་ཞིག་དེ་ལ་བསྙོན།། མཁྱེན་མཆོག་སྟོན་པ་དེ་ཡི་བསྟན་པ་གང༌།། རྣམ་པར་གྲོལ་བའི་འཇུག་ངོགས་མཚུངས་མེད་ལམ།། ནན་ཏན་སྙིང་པོར་མཛད་པའི་བརྩོན་ཆེན་གྱིས།། ཉིན་དང་མཚན་མོ་ཁོར་ཡུག་གཅིག་ཏུ་བཟླུམས།། སྟོང་དང་སྙིང་རྗེ་ཟུང་དུ་འབྲེལ་བ་ཡི།། ལམ་མཆོག་མཚུངས་པ་མེད་ལས་རྒྱལ་སྲས་ཀྱི།། རྣམ་ཐར་རྒྱ་མཚོ་ལྟ་བུའི་རང་བཞིན་ལ།། ཁྱོད་ནི་ཡིད་བཞིན་འདོད་དགུར་རྣམ་པར་རོལ།། ཉེ་བར་ཞི་བ་ཐུགས་ཀྱི་མཁའ་དབྱིངས་སུ།། རླབས་ཆེན་བསོད་ནམས་གསེར་གྱི་སྙིང་པོའི་སྤྲིན།། ཆེས་ཆེར་དཀྲིགས་ལས་ཕན་བདེ་ནོར་བུའི་ཆར།། མ་ལུས་ཞིང་ཀུན་ཏུ་ཡང་ཁྱབ་པར་བརྡལ།། སྒོ་གསུམ་ལྷ་སྔགས་ཆོས་སྐུའི་རོལ་མོ་ཡིས།། ཐ་མལ་སྣང་ཞེན་དྲི་མ་ཀུན་བཀྲུས་ཏེ།། ཟབ་གསལ་བདེ་བ་ཆེན་པོའི་དབྱིངས་ཉིད་དུ།། དཀྱིལ་འཁོར་ཀུན་གྱི་བདག་པོར་མངའ་དབང་འབྱོར།། ཇི་ལྟ་ཇི་སྙེད་ཆོས་ཀྱི་གནས་ཚུལ་ལ།། ཡག་དག་རིགས་པས་དྲངས་པའི་ངེས་ཤེས་ནི།། ཐེ་ཚོམ་སྨག་དང་བྲལ་བའི་ཉམས་མྱོང་གིས།། ཉམས་ལེན་གནད་དུ་འཛུད་པ་ཁྱོད་ཀྱི་སྲོལ།། རྒྱལ་བ་མཆོག་དང་རྒྱལ་སྲས་སེམས་དཔའ་དང༌།། མཁས་ཤིང་གྲུབ་བརྙེས་རྣམས་ཀྱིས་དགྱེས་པའི་ཞལ།། རྟག་ཏུ་ཁྱོད་ལ་ཕྱོགས་པའི་ངང་ཚུལ་གྱིས།། ཟབ་དོན་ཐུགས་ཀྱི་གསང་བ་མངོན་སུམ་འདོམས།། མཚུངས་མེད་རྒྱལ་བ་དགྱེས་པའི་ལམ་བཟང་ནས།། གྲུབ་མཆོག་ནོར་བུའི་གླིང་དུ་གཤེགས་ཁྱོད་ཀྱི།། ཞབས་སེན་ཨུཏ་པལ་གཞོན་ནུའི་ཕྲེང་བ་གང༌།། གྲུབ་བརྙེས་བྱེ་བའི་གཙུག་གཏོར་རྩེ་ན་མཛེས།། ས་སྟེང་ཆུ་ཀུན་ཆུ་གཏེར་ཆེན་པོ་ལ།། གཞོལ་བ་ཇི་བཞིན་ཉིད་ཀྱི་མཛད་པའི་སྒོ།། ཀུན་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ།། ཕྱོགས་དུས་ཀུན་ན་རྒྱས་པའི་ཐབས་སུ་བཤམས།། དམིགས་མེད་སྙིང་རྗེའི་སྟོབས་མཆོག་མཚུངས་མེད་པས།། རིགས་གསུམ་སེམས་པ་དགྱེས་པའི་རྣམ་ཐར་མཐའ།། གངས་ཅན་འདི་ན་ཁྱོད་ཀྱིས་ལེགས་བསྐྱངས་པས།། ད་དུང་དུ་ཡང་བསྟན་པའི་སྣང་བ་འབར།། རིང་ནས་གོམས་པའི་ཐུགས་བརྩེས་བྱིང་ཀུན་ཏུ།། རྒྱལ་བསྟན་འཛིན་པའི་སྨོན་ལམ་མཐུ་གྲུབ་པས།། ཕྲིན་ལས་བཟང་པོའི་ཆ་ཤས་ཙམ་གྱི་ཡང༌།། གྲགས་པས་རྒྱ་མཚོའི་གོས་ཅན་ཀུན་ནས་ཁེབས།། མཁྱེན་རབ་ཉི་མའི་འོད་དང་མཛད་བཟང་གི།། ཨུཏ་པལ་གཞོན་ནུའི་དགའ་ཚལ་རྟག་འགྲོགས་པས།། བརྩེ་ཆེན་སྐྱོབ་པ་རྒྱས་པའི་ལམ་མཆོག་ནི།། ཁྱོད་ལ་ཕྱོགས་སུ་ལྷུང་བ་བཞིན་དུ་བཀུག ། དེ་ཕྱིར་ལྷ་རྣམས་དག་ལས་ལྷ་དབང་དང༌།། པདྨའི་ཚལ་ན་པདྨ་དཀར་པོ་བཞིན།། ཁྱོད་ཀྱི་རིང་ལུགས་གཙང་མའི་གཟི་བྱིན་དེས།། ཕྱོགས་གཞན་གྲུབ་མཐའ་དཔལ་དང་ལྡན་པར་བརྒྱན།། ཐུབ་བསྟན་ཡོངས་སུ་རྫོགས་པའི་སེང་གེའི་སྒྲས།། བསིལ་ལྡན་ར་བ་དཀར་པོའི་ཁོར་ཡུག་ཁྱོན།། ཁྱབ་མཛད་མཚུངས་པ་མེད་པའི་རྣམ་ཐར་གྱིས།། བདུད་སྡེ་བྱེ་བའི་རུ་མཚོན་ཅིག་ཅར་བསྙིལ།། བློ་བཟང་མཁྱེན་པའི་ཉི་མ་གཅིག་གིས་ནི།། ས་སྟེང་གནས་པའི་རབ་རིབ་རྣམ་བཅོམ་པས།། ཡང་དག་རིགས་པའི་ལམ་ནས་ཟབ་རྒྱས་ཆོས།། སྨྲ་བའི་སེང་གེས་ས་ཆེན་རྣམ་པ་བཀང༌།། རྨད་བྱུང་རྣམ་ཐར་གཙང་མའི་མཛད་བཟང་གིས།། ཐུབ་བསྟན་རྙོགས་མར་གྱུར་པ་ཀུན་བགྲུངས་ནས།། བཟང་པོའི་གསེར་དང་མཚུངས་པའི་ཁྲིམས་འཆང་བ།། ངུར་སྨྲིག་འཛིན་པས་ས་འདི་དོག་པོར་བྱས།། ཡང་དག་བསླབ་པ་གསུམ་གྱི་ཉམས་ལེན་དང༌།། རྗོད་བྱེད་སྡེ་སྣོད་གསུམ་གྱི་འཆད་ཉན་གང༌།། ལྷན་ཅིག་འགྲན་པ་བཞིན་དུ་འཕེལ་བ་ཡི།། རླབས་ཆེན་ཕྲིན་ལས་ཁྱོད་ཉིད་གཅིག་པུས་མཛད།། འཕགས་མཆོག་ཁྱོད་ཀྱི་རྣམ་ཐར་འདི་འདྲ་བ།། ཐོས་པ་ན་ཡང་རྒྱལ་སྲས་སེམས་པ་གཞན།། དགའ་བས་སྙིང་གི་ཆུ་གཏེར་གཡོ་ནུས་ན།། བདུད་ཀྱི་ཡིད་ལ་ཟུག་རྔུ་ཅིས་མི་སྟེར།། ཁྱོད་ཀྱི་བརྒྱུད་འཛིན་དམ་པའི་སྐྱེ་བོ་རྣམས།། ཀུན་སྤྱོད་སྨད་དུ་མེད་པའི་ཚུལ་ཁྲིམས་དང༌།། སྐྱོན་བྲལ་རྣམ་དཔྱོད་བཟང་པོའི་ངང་ཚུལ་གྱིས།། ཕྱོགས་ཀྱི་སྐྱེ་བོ་ཀུན་གྱི་གཙུག་ན་མཐོ།། བློ་ཆུང་ཕྲག་དོག་གཡོ་བའི་ངང་ཚུལ་གྱིས།། ཁྱོད་ཀྱི་བསྟན་ལ་ལྷག་པར་གཤེ་ན་ཡང༌།། ངང་ཚུལ་བཟང་པོའི་འོད་བཟང་མ་ཉམས་པས།། སྨག་ལ་ཟླ་རྒྱས་བཞིན་དུ་ལྷག་པར་གསལ།། དེ་ཕྱིར་ཁྱོད་ཀྱི་རིང་ལུགས་རིན་པོ་ཆེ།། པདྨའི་དགའ་ཚལ་ལྟ་བུར་ཡིད་འོང་བ།། ལྷར་བཅས་འགྲོ་བ་དགའ་བའི་མཆོད་སྡོང་འདི།། སེམས་བཅས་སུ་ཡི་སྙིང་ལ་ཕངས་མི་འགྱུར།། བདག་ཅག་འདི་ནས་སྐྱེ་བ་ཀུན་ཏུ་ཡང༌།། ཀུན་སྤྱོད་གཙང་མའི་ཁྲིམས་ལྡན་པདྨའི་སྦུབས།། བློ་མཆོག་འཆར་ཀའི་འོད་དང་ལྷན་ཅིག་པས།། འཇམ་མགོན་དགྱེས་པའི་བརྟུལ་ཞུགས་འཛིན་གྱུར་ཅིག ། བློ་དང་ཚུལ་ཁྲིམས་འཆལ་བའི་ཉེས་ཚོགས་ཀྱིས།། ཁྱོད་ཀྱི་ལུགས་བཟང་གཙང་མ་རྙོག་བགྱིད་ཅིང༌།། དྲི་མེད་བསྟན་ལ་རྨ་སྲོལ་འབྱིན་པ་ཀུན།། བདག་གིས་སྟོབས་ཀྱིས་རྩད་ནས་ཞི་གྱུར་ཅིག ། སྲས་བཅས་རྒྱལ་བའི་ཕྲིན་ལས་ཙོང་ཁ་པའི།། རྣམ་ཐར་མཚུངས་པ་མེད་པའི་བདག་ཉིད་དང༌།། ཀུན་ཏུ་མཚུངས་པའི་ཐབས་མཁས་སྤྱོད་པ་ཡིས།། འཇམ་མགོན་རྒྱལ་བའི་གོ་འཕང་འགྲུབ་གྱུུར་ཅིག །
ཅེས་པའང་གསེར་མདོག་ཅོད་པན་འཛིན་པའི་རིང་ལུགས་པ་ཆེན་པོ་བསླབ་གསུམ་ནོར་བུའི་གཏེར་མཛོད་སྤྲུལ་པའི་སྐུ་བྲག་གཡབ་གདོང་ཀོང་སྤྲུལ་སྐུངག་དབང་དམ་ཆོས་རྒྱ་མཚོའི་ཞལ་སྔ་ནས་རྗེ་ཙོང་ཁ་པ་ལ་བསྟོད་པ་ཤོ་ལོ་ཀ་བཞི་བཅུར་ཉེ་བ་ཞིག་རྩོམས་ཤིག་ཅེས་བཀྲ་ཤིས་པའི་ལྷ་རེག་དང༌། རྗེ་རྒྱལ་བ་གཉིས་པའི་ན་བཟའི་གནང་སྐྱེས་དང་བཅས་ཏེ་བཀའ་ཡི་བསྐུལ་མ་ཡང་ཡང་བྱུང་བ་ལ་བརྟེན་ནས། མི་ཕམ་བློ་བཟང་ཉི་མས་རང་ལོ་སོ་གཉིས་པའི་དུས་སུ་མཛེས་ལྡན་འཆི་མེད་ལྗོན་པའི་དགའ་ཚལ། རིན་ཆེན་བྲག་རི་བརྩེགས་པའི་སྟ་ཟུར་དུ་རང་གནས་བདུད་རྩིའི་ཤིང་གི་སྤྱིལ་བུ་ནས་བསྙེན་མཚམས་ལ་གནས་པའི་ཐུན་གསེང་དུ་སྤེལ་བ་དགེ་ལེགས་མཆོག་ཏུ་གྱུར་ཅིག མངྒ་ལཾ།།

དེ་ལས་མང་བ་། “མི་རིག་འདྲ་ཡོད་ན་དགོད་སྤྱད། ཟོག་རིག་འདྲ་ཡོད་ན་འཁོན་སྤྱད། རྩོམ་རིག་འདྲ་ཡོད་ན་་་་་་་” »

རྩོམ་རིག

མདའ་ཚན་པ་ལ་མདའ་ལན་དང་པོ།

Posted on 2009-01-14 By རབ་འབྱོར་ 11 Comments on མདའ་ཚན་པ་ལ་མདའ་ལན་དང་པོ།

མདའ་ཚན་པ་ལགས། ཁྱེད་ཀྱི་ནོར་བུ་དེ་ནི་རིག་གནས་གསར་བརྗེའི་སྐབས་ལ་བོད་ཡིག་གསར་བཅོས་ཀྱི་ཡིག་ཆ་མིང་ལ་“བོད་ཡིག་གསར་བཅོས་ཀྱི་རྩ་འཛིན་“ཟེར་བ་ལྟ་བུ་ཞིག་ཐོན་ཡོད་པ་དེ་ཡིན་ནམ།  དེ་ཡིན་ན་དེ་ནི་སློབ་དེབ་མ་རེད།  རྩ་འཛིན་གྱི་ཡིག་ཆ་ཞིག་རེད།  དེའི་ནང་ན་ཁྱེད་ཀྱིས་བཤད་པའི་ཚིག་ཕྲད་དང་བྱ་ཚིག  རྐྱེན་གྱི་ཡི་གེ་སྐོར་ཞིག་ཁུ་བསྡུ་བྱས་ཡོད།   གཅིག་བྱས་ན་དེ་སློབ་གྲྭ་འགའ་རེ་ནས་སློབ་དེབ་ཏུ་བེད་སྤྱོད་བཏང་ཡོད་ཀྱང་སྲིད།  རྩ་འཛིན་ཡིག་ཆ་འདིའི་སྐོར་པད་མ་འབུམ་ལགས་ཀྱིས་དྲན་ཐོ་རྡོ་རིང་མ་ཟེར་བ་དེའི་ནང་ལ་ཅུང་ཙམ་ཞིབ་མོ་ཞིག་བྲིས་འདུག ཁྱེད་ཀྱིས་བཤད་པ་བདེན་པ་རེད།  དེ་ནི་མི་བསམ་བློ་མེད་པ་ཞིག་གིས་བྲིས་པ་ཞིག་མ་རེད།  དེ་ནི་ཁྱེད་ཀྱིས་བཤད་པ་ལྟར་སྟབས་ཇེ་བདེར་བཏང་ནས་མི་དམངས་ཀྱིས་ཤེས་བདེ་ཆེད་བྲིས་པ་ཞིག་རེད།  དེ་ཟིན་བྲིས་རྒྱག་མཁན་ལས་གཅིག་ད་དུང་པེ་ཅིན་ན་འདུག  ལོ་བཅུ་ཙམ་སྔོན་ལ་ངེད་གཉིས་ཐུག་ནས་དེའི་སྐོར་ལ་གླེང་མོལ་ཡང་བྱས་མྱོང་།  ཁོང་གིས་གསུང་གསལ་ལ།  བོད་ཡིག་ཅུང་ཙམ་སྟབས་ཇེ་བདེར་བཏང་ན་མི་སེར་གྱི་ནང་དུ་བོད་ཡིག་བསྟན་པ་དར་བ་ལ་ཕན་ཐོགས་རེ་ཨེ་ཡོང་སྙམ་པ་ཡིན་ཟེར།…

དེ་ལས་མང་བ་། “མདའ་ཚན་པ་ལ་མདའ་ལན་དང་པོ།” »

གསར་འགྱུར།

རྒྱལ་བ་རིན་པོ་ཆེའི་བཀའ་ལ་སྒུག་པ།

Posted on 2009-01-12 By རབ་འབྱོར་ 15 Comments on རྒྱལ་བ་རིན་པོ་ཆེའི་བཀའ་ལ་སྒུག་པ།

ང་ལ་རྒྱ་གར་གྱི་བཙན་བྱོལ་སྤྱི་ཚོགས་སུ་འཚར་ལོངས་བྱུང་ཞིང་སློབ་གྲྭར་འགྲིམས་པའི་གྲོགས་པོ་འགའ་རེ་ཡོད།  ང་ཚོ་མཉམ་འཛོམས་རེ་བྱུང་སྐབས་སྤྱི་དོན་དང་སྒེར་དོན་སྣ་ཚོགས་ཀྱི་སྐོར་ལ་འཕྲོས་མོལ་བྱེད།  ན་ནིང་ད་ལོ་གཉིས་ལ་ངས་ཁོང་ཚོར་ནགས་ཚང་ཞི་ལུའི་སྐྱིད་སྡུག་ཀྱང་ཉུང་མཐའ་ཡང་ཐེངས་གསུམ་བཞི་ཙམ་ལ་གླེང་མོལ་བྱས་ཡོད། ད་དུང་ཨ་མདོའི་གྲོགས་པོ་གཞན་པའི་ངག་ནས་ཀྱང་དེབ་འདིའི་སྐོར་ཁོང་ཚོས་ཐོས་ཡོད་ཀྱི་རེད་སྙམ། ཡིན་ན་ཡང་ཁོང་ཚོས་ང་ལ་རྩོམ་པ་པོ་དེ་རྒྱ་མིས་ཅིའི་ཕྱིར་འཛིན་བཟུང་མ་བྱས་རེད་ཟེར་བ་ལྟ་བུའི་དྲི་བ་རེ་ཟུང་དྲངས་པ་མ་གཏོགས།  དེབ་དེ་གང་ནས་རག་གི་རེད།  དེབ་དེ་གཡོར་རྒྱུ་ཨེ་ཡོད་ཟེར་བ་ལྟ་བུའི་ཀློག་འདོད་མངོནཔའི་་གཏམ་ཚིག་རེ་ཁོང་ཚོ་ལས་ཐོན་པ་ངས་དྲན་གྱི་མི་འདུག  དེ་ངས་སྐྱོན་དུ་ཡང་མཐོང་གི་མེད།  སྤྱིར་བཏང་ཁོང་ཚོའི་བོད་ཡིག་གི་ཀློག་རྩལ་ཞན་པ་དང་།  ལྷག་པར་དེབ་འདི་ཨམ་སྐད་ཀྱིས་བྲིས་ཡོད་སྟབས་དེབ་འདི་ཀློག་འདོད་འཕེལ་གྱི་མ་རེད་བསམ་ཡོད།  ཡིན་ན་ཡང་ཡ་མཚར་བ་ཞིག་ལ།  ཉེ་ཆར་ཁོང་ཚོ་ལས་གཅིག་གིས་ང་ལ་ནགས་ཚང་ཞི་ལུའི་སྐྱིད་སྡུག་གི་དེབ་དེ་བླུ་རྒྱུའམ་་གཡོར་རྒྱུ་ཡོད་མེད་ཀྱི་གཏམ་དྲིས་སོང་།  ངས་ཁོང་ལ་དེབ་དེ་ཨམ་སྐད་དུ་བྲིས་ཡོད་སྟབས་ཁོང་ཚོས་ཀློག་ཁག་པོ་ཡོད་ཚུལ་བཤད་པར།  ཁོང་གིས་གང་ལྟར་ཡང་དེབ་དེ་ཀློག་ཐབས་ཤིག་བྱེད་རྒྱུ་ཡིན་།  རྒྱུ་མཚན་ནི་༧གོང་ས་མཆོག་ནས་ཀྱང་དེབ་དེ་ལ་མཉེས་པོ་གནང་གི་ཡོད་་ཚུལ་ཐོས་སོང་ཟེར།…

དེ་ལས་མང་བ་། “རྒྱལ་བ་རིན་པོ་ཆེའི་བཀའ་ལ་སྒུག་པ།” »

སྣ་ཚོགས།

ཇོ་བོ་རྗེ་དཔལ་ལྡན་མར་མེ་མཛད་ཀྱི་གདན་ས་བིཀཱ་རམ་ཤཱི་ལའི་གཙུག་ལག་སློབ་གཉེར་ཁང༌།

Posted on 2009-01-122009-01-12 By དབང་ཕྱུག་ 5 Comments on ཇོ་བོ་རྗེ་དཔལ་ལྡན་མར་མེ་མཛད་ཀྱི་གདན་ས་བིཀཱ་རམ་ཤཱི་ལའི་གཙུག་ལག་སློབ་གཉེར་ཁང༌།

ཇོ་བོ་རྗེ་དཔལ་ལྡན་མར་མེ་མཛད་ཀྱི་གདན་ས་བིཀཱ་རམ་ཤཱི་ལའི་གཙུག་ལག་སློབ་གཉེར་ཁང༌། སྐྱེས་སར་ཀླུ་སྒྲུབ། རྩོམ་ཡིག་གི་རིམ་པ་རྣམས་གཤམ་གྱི་འབྲེལ་ཐག་ནས་གཟིགས་རོགས། vikaramshila

སྣ་ཚོགས།

གད་སྙིགས་ནང་གཡུགས་ཟིན་པའི་ནོར་བུ་སྐྱར་དུ་སྔོག་པ།

Posted on 2009-01-11 By dhatsenpa 15 Comments on གད་སྙིགས་ནང་གཡུགས་ཟིན་པའི་ནོར་བུ་སྐྱར་དུ་སྔོག་པ།

དེ་རིང་དྲ་གྲོགས་ཚོ་དང་མཉམ་དུ་བརྡ་སྥྲོད་གི་སྐོར་གླེང་མོ་ཅིག་བྱེད་པར་སྤྲོ།  ཁ་སང་དེ་རིང་དྲ་ཁང་ནང་ཡང་ཡང་ཡོང་མ་ཐུབ་ཡང་དྲ་གྲོགས་ཚོ་གི་སྒྲའི་སྐོར་ལ་འཛིངས་མོ་ཐུག་བསྡད་ཡོད་པ་ལ་དོ་སྣང་བྱུང་། འདས་པའི་དུས་ལ་གད་སྙིགས་ནང་གཡུགས་ཟིན་པའི་ནོར་བུ་ཞིག་ལོ་བཅོ་ལྔའི་སྔོན་ནས་བཟུང་་སེམས་ལ་ཡང་ཡང་དྲན།  ན་ནིང་ཞིག་ནས་ཁྱེད་ཚོས་གི་སྒྲའི་སྐོར་ཤེས་མི་ཤེས་ཚང་མས་མང་པོ་ཞིག་ལབ་ཡོང་གི་འདུག་པས་ནོར་བུ་རིན་པོ་ཆེ་དེ་ཡང་སྐྱར་ངའི་སེམས་ངོར་ཤར། ནོར་བུ་དེ་ནི་གཞན་གང་ཡང་མིན་པར་དེ་ནི་བརྡ་སྤྲོད་སྐོར་གི་སློབ་དེབ་ཅིག་རེད། སློབ་དེབ་དེ་ནི་སྲོལ་རྒྱུན་ཆོས་རིག་གི་སྲོག་ལ་རྒོལ་བཞིན་པའི་དུས་་ངན་དེ་རིག་གནས་གསར་བརྗེའི་སྐབས་བྱུང་བ་ཞིག་ཡིན་པས་རྗེས་སུ་མཁས་བླུན་ཚང་མས་རྣམ་རྟོག་ཟ་ཡུལ་ཅིག་ལ་བཟུང་དེ་རིག་གསར་མཇུག་བསྒྲིལ་བ་དང་ལམ་སང་གད་སྙིགས་ཁྲོད་གཡུགས་དེ་གར་སོང་གི་རྗེས་མགོ་མི་ནོན་པར་གྱུར།  དེའི་ནང་ཡང་སྙིང་གང་ཞིག་བྲིས་ཡོད་པ་རེད་ཟེར་ན་ང་ལ་རབ་རིབ་ཅིག་མ་གཏོགས་བཤད་རྒྱུ་ཆེར་མེད་ཡང་། ཕྲད་མང་པོ་ཅིག་ཇེ་ཉུང་ལ་བཏང་དེ་སྟབས་བདེར་བཟོས་ཡོད་པ་དང་ཤད་གི་ཚབ་ལ་དབྱིན་རྒྱ་གཉིས་ནང་བཀོལ་བཞིན་པའི་ཚེག་དེ་ཚོ་བེད་སྤྱོད་བཏང་ཡོད་པ་དྲན། བསམ་བློ་ཅིག་བཏང་ན་དེ་ནི་མི་བླུན་པོ་ཅིག་གིས་གང་བྱུང་ལ་བྲིས་པ་ཅིག་མིན་པར་མི་རྣམ་དཔྱོད་ལྡན་པ་ཅིག་གིས་བསམ་བློ་གང་འཚམས་ཅིག་བཏང་ནས་བྲིས་པ་ཡིན་པ་ལ་ཡིད་ཆེས་སྐྱེ་གི་འདུག འདི་ནས་མར་་བརྡ་སྤྲོད་སྐོར་ང་རང་གི་བསམ་ཚུལ་ཁ་ཤས་ཞུ་འདོད་བྱུང་། དེ་གོང་གསལ་གི་སློབ་དེབ་དེ་དང་མཐུན་མིན་གཉིས་ཀ་ཡོད་སྲིད། ཡིན་ན་ཡང་ངའི་བསམ་བློའི་འབྱུང་ཁུངས་གོང་གསལ་གི་དཔེ་དེབ་དེ་ཡིན་པས་དཔེ་ཆ་དེ་ལ་ཐོག་མར་དྲན་གསོ་ཅིག་བྱེད་དགོས་བྱུང་།  དཔེ་དེབ་དེ་་ག་རེ་བཤད་ན་མ་བཤད་ན་ཕྲད་གཞན་དབང་ཅན་ལས་འདའ་ཐུབ་མེད་སྙམ། ་བརྡ་སྤྲོད་གི་སྐོར་ཁུངས་གཏུགས་ས་ཅིག་ཡོད་པ་ཡིན་ན་དེ་ནི་སི་ཏུ་ཡིན་མིན་སྲིད་ལ་ཐོན་མི་ཡང་ཅི་ལ་ཡིན། དེ་ནི་ད་ལྟ་ང་ཚོས་བཤད་བཞིན་པའི་སྐད་དེ་ཁོ་ན་མ་གཏོགས་མེད།…

དེ་ལས་མང་བ་། “གད་སྙིགས་ནང་གཡུགས་ཟིན་པའི་ནོར་བུ་སྐྱར་དུ་སྔོག་པ།” »

རྩོམ་རིག

རྩ་འཛིན ༠༨མ།

Posted on 2009-01-11 By དགེ་རབ་ No Comments on རྩ་འཛིན ༠༨མ།

(དམངས་ཁྲོད་ཀྱི་བཟོ་བཅོས་པར་གཞི། བསམ་འཆར་བསྡུ་ལེན་གྱི་ཡིག་ཆ།)

༢༠༠༨ལོའི་ཟླ་༡༢བའི་ཚེས་༢༣ཉིན་བཟོ་བཅོས་བྱས།
འབྲོག་མྱིས་བསྒྱུར།
————————

ད་ལོ་ནི་རྒྱ་ནག གི་རྩ་ཁྲིམས་འགོ་བཙུགས་ནས་ལོ་བརྒྱ་ཐམ་པ། ༼འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་བསྒྲགས་གཏམ༽འགྲེམས་སྤེལ་བྱས་ནས་ལོ་དྲུག་ཅུ་ཐམ་པ། ༼དམངས་གཙོའི་རྩིག་པ༽བལྟམས་ནས་ལོ་སུམ་ཅུ་ཐམ་པ། རྒྱག་ནག་གཞུང་གིས༼མི་སེར་གྱི་ཁེ་དབང་དང་ཆབ་སྲིད་ཀྱི་ཐོབ་ཐང་རྒྱལ་སྤྱིའི་སྤྱི་ཆིངས༽ལ་མོས་མཐུན་མིང་རྟགས་བཀོད་ནས་ལོ་བཅུ་ཐམ་པ་སོན་པའི་དུས་རེད། དུས་རྒྱུན་རིང་བོའི་འགྲོ་བ་མིའི་ཐོབ་ཐང་གི་གོད་ཆག་དང་ཀྱག་ཀྱོག་དཀའ་སྡུག་ཅན་གྱི་རྒོལ་རྩོད་བརྒྱུད་རིམ་གྱི་རྗེས་སུ། གོ་རྟོགས་སད་པའི་རྒྱ་ནག་མི་སེར་ཚོས་ཉིན་མ་རེ་རེར་གསལ་ཞིང་དག་པའི་ངང་ཤེས་རྟོགས་བྱུང་བ་ནི། རང་དབང་དང་། དྲང་བདེན། འགྲོ་བ་མིའི་ཐོབ་ཐང་ནི་འགྲོ་བ་མིའི་རིགས་ཀྱི་གཅིག་མཚུངས་ཀྱི་ཡོངས་ཁྱབ་འཇིག་རྟེན་རིན་ཐང་ལྟ་ཚུལ་ཡིན་པ་དང་། དམངས་གཙོ་དང་། སྤྱི་མཐུན། ཁྲིམས་ཀྱིས་སྲིད་སྐྱོང་བ་ནི་དེང་རབས་ཆབ་སྲིད་ཀྱི་རྨང་གཞིའི་སྒྲིག་སྲོལ་གྱི་སྒྲོམ་གཞི་ཡིན་ཞིང་། ༼བརྩེ་བ་ནི་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ཤ་ཤུན་རེད་།༽ ཡོངས་ཁྱབ་འཇིག་རྟེན་རིན་ཐང་ལྟ་ཚུལ་དང་རྨང་གཞིའི་ཆབ་སྲིད་སྒྲིག་སྲོལ་སྒྲོམ་གཞིའི་འོག་གི༼དེང་རབས་ཅན༽དང་འགལ་ཚེ། དེ་ནི་འགྲོ་བ་མིའི་ཐོབ་ཐང་བཙན་འཕྲོག་དང་། མི་གཤིས་རུལ་བསླད། མིའི་ལ་རྒྱ་གཏོར་བཤིག་གི་གེགས་དང་བར་ཆད་ཀྱི་བརྒྱུད་རིམ་ཞིག་ལས་མ་འདས། དུས་རབས་ཉེར་གཅིག་གི་རྒྱ་ནག་འདི་བཞིན་ལམ་ཁ་ག་འདྲ་ཞིག་ཏུ་འགྲོ་རྒྱུ་ཡིན་ནམ། མུ་མཐུད་ནས་ད་ལྟའི་ཟིལ་ཤུགས་དབང་བསྒྱུར་འོག་གི༼དེང་རབས་ཅན༽དེ་རྒྱུན་འཁྱོངས་བྱ་རྒྱུའམ། ཡང་ན་ཡོངས་ཁྱབ་འཇིག་རྟེན་རིན་ཐང་ལྟ་ཚུལ་དེར་ངོས་ལེན་བྱས་ཏེ། དེང་གི་འཕེལ་ཕྱོགས་གཙོ་བོར་གྱུར་བའི་ཡོངས་བཀུར་དཔལ་ཡོན་ཁྲོད་མཉམ་བསྲེས་དང་། དམངས་གཙོའི་སྲིད་དབང་གི་སྒྲིག་སྲོལ་གསར་འཛུགས་བྱ་རྒྱུ་ཡིན་ནམ། འདི་ནི་ལྡོག་ཏུ་མེད་པའི་གདམ་ག་ཞིག་ཡིན།

དུས་རབས་བཅུ་དགུ་བའི་དཀྱིལ་དུ་བྱུང་བའི་ལོ་རྒྱུས་ཀྱི་འགྱུར་ལྡོག་ཆེན་པོས་རྒྱ་ནག་གི་སྲོལ་རྒྱུན་ཁྲོད་གནས་པའི་སྒེར་གཅོད་ལམ་ལུགས་ཀྱི་རུལ་སུངས་དམར་རྗེན་དུ་ཕྱི་རུ་མངོན་པ་དང་ཆབས་ཅིག་ཀྲུང་ཧྭ་ཡུལ་ལྗོངས་སྟེང༼ལོ་ངོ་སྟོང་ཕྲག་དུ་མའི་རིང་བྱུང་མྱོང་མེད་པའི་གནས་བབ་ཀྱི་འཕོ་འགྱུར་ཆེན་མོའི༽ཡོལ་བ་འབྱེད། ཡཱང་ཝོའོ་[1] <#_ftn1>ལས་འགུལ་གྱིས་ཅ་དངོས་རིམ་པའི་ལེགས་བསྒྱུར་ལ་བརྩོན་ལེན་དང་། ཇཱ་ཝོའོ་དམག་འཁྲུག་[2] <#_ftn2>ལ་ཕམ་ཁ་རེག་པས་ཡང་ཐེངས་ཤིག་ཏུ་ལམ་ལུགས་རྗེས་ལུས་དང་དུས་དང་མི་འཚམ་པའི་སྐྱོན་ཆ་ཕྱི་རུ་མངོན། ཝོའོ་ཞེའུ་ལུགས་སྒྱུར་[3] <#_ftn3>དེ་ལམ་ལུགས་རིམ་གྱིས་གསར་སྒྱུར་ལ་རེག་ཐུབ་ཡོད་ན་ཡང་། མཐར་མཇུག་ཀླད་རྙིང་ངན་རེངས་ཤོག་ཁག་གི་གདུག་རྩུབ་དྲག་གནོན་གྱིས་ཕམ་ཁའི་གནས་སུ་བསྐྱལ། ཞིན་ཧྭེ་གསར་བརྗེ་[4] <#_ftn4>ཡིས་ལོ་ངོ་ཉིས་སྟོང་རིང་བརྒྱུད་པའི་རྒྱལ་བོའི་དབང་ཆའི་ལམ་ལུགས་དེ་ཕྱི་ངོས་སུ་དུར་འཇུག་བྱས་ཏེ་ཨེ་ཤི་ཡའི་གླིང་ཕྲན་སྟེང་སྤྱི་མཐུན་རྒྱལ་ཁབ་དང་པོ་དེ་བཙུགས། ཡིན་ནའང་སྐབས་དེའི་ནང་རྩོད་ཕྱི་འཁྲུག་གི་དམིགས་བསལ་ལོ་རྒྱུས་དང་ཆ་རྐྱེན་གྱི་དབང་གིས་སྤྱི་མཐུན་སྲིད་གཞུང་གི་སྒྲིག་སྲོལ་དེ་ཨུ་དུམ་ཝ་ར་ཡུད་ཙམ་བཞད་པའི་དཔེ་ལྟར་སྐད་ཅིག་ཙམ་ནང་ཡལ་བ་དང་། སྒེར་གཅོད་རིང་ལུགས་དེ་མ་ཐག་ཏུ་རོ་ལངས་བརྒྱབ། ཅ་དངོས་ལད་ཟློས་དང་སྒྲིག་སྲོལ་གསར་སྒྱུར་གྱི་ཕམ་ཁས་རྒྱལ་འབངས་ཚོ་ཞིབ་ཆར་གཞོལ་ནས་རིག་གནས་ཀྱི་ནད་གཞིའི་རྩ་བར་བསམ་ཞིབ་གཏོང་རྒྱུར་སྐུལ་འདེད་བྱས། དེའི་འཕྲོས་སུ༼ཚན་ རིག་དང་དམངས་གཙོ༽ཡི་དར་ཆ་དགུང་ལ་འཕྱར་བའི༼ལྔ་བཞི་རིག་གནས་གསར་བའི་ལས་འགུལ༽བྱུང་། ནང་གི་རྩོད་རྙོག་རྒྱུན་མ་ཆད་པ་དང་ཕྱི་དགྲས་བཙན་འཛུལ་བར་མེད་བྱུང་བར་བརྟེན། རྒྱ་ནག་གི་ཆབ་སྲིད་དམངས་གཙོ་ཅན་གྱི་ལོ་རྒྱུས་ལམ་བུ་དེ་ཐབས་ཟད་འུ་ཐུག་གིས་མཚམས་ཆད་དགོས་བྱུང་། ཉི་ཧོང་འགོག་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་རྗེས་སུ་ཡང་བསྐྱར་དམངས་གཙོའི་སྒྲིག་སྲོལ་ཅན་གྱི་རྐང་ལམ་དེར་ཞུགས་འགོ་བརྩམས། འོན་ཀྱང་གོ་མིན་ཏང་ཚོགས་ཤོག་དང་དམར་པོའི་ཚོགས་ཤོག་བར་གྱི་ནང་འཁྲུག་མཇུག་སྒྲིལ་རྗེས་རྒྱ་ནག་དེ་དེང་རབས་དབང་ཆ་སྒེར་སྡེམ་རིང་ལུགས་ཀྱི་གཡང་ས་ཟབ་མོའི་གཏིང་རུམ་དུ་ཟགས།

དེ་ལས་མང་བ་། “རྩ་འཛིན ༠༨མ།” »

འགྱུར་རྩོམ།

བོད་ཀྱི་ཐབ་ཚང་ལ་སྤྲིངས་པ།

Posted on 2009-01-09 By དགེ་རབ་ 20 Comments on བོད་ཀྱི་ཐབ་ཚང་ལ་སྤྲིངས་པ།

བོད་ཀྱི་ཐབ་ཚང་ལ་སྤྲིངས་པ། མི་རྒོད་ཀྱིས། ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༨ ཉིན། ___________________ ཨ་རིའི་གྲོང་ཁྱེར་ཉོའུ་ཡོཀ་ཏུ་ཡོད་པའི་བོད་ཀྱི་ཐབ་ཚང་ཟེར་བ་དེས། ཕ་ཡུལ་དྲ་རྒྱའི་ཐོག་བཀོད་པའི་ཁྱབ་བསྒྲགས་ལྟར་ན། ད་ལོའི་བོད་ཀྱི་ལོ་གསར་གྱི་ཚེས་གཉིས་ཏེ། ཕྱི་ཟླ་གཉིས་པའི་ཚེས་ཉེར་དྲུག་ཉིན། དགའ་སྟོན་སྤྲོ་སྐྱིད་རྒྱ་ཆེ་གཏོང་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་ནི།…

དེ་ལས་མང་བ་། “བོད་ཀྱི་ཐབ་ཚང་ལ་སྤྲིངས་པ།” »

རྩོམ་རིག

མ་འདས་སྤྲུལ་སྐུ་རོབ་གླེང་།

Posted on 2009-01-08 By དགེ་རབ་ 23 Comments on མ་འདས་སྤྲུལ་སྐུ་རོབ་གླེང་།

འབྲོག་མྱི།
____________

སྤྲུལ་སྐུ།

ད་ལྟ་གངས་ཅན་བོད་དུ་རྩ་བ་གངས་ལ་ཟུག་ཅིང་རྩེ་མོ་ཧི་མ་ལའི་དབུ་དང་མཉམ་ཞིང༌། ཡལ་འདབ་འཛམ་གླིང་གང་སར་རྒྱས་པའི་རང་ཅག་གི་སྟོན་པ་བླ་ན་མེད་པས་བསྟན་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་འདི་ཉིད་ནི་དེང་གི་ཆར་ས་སྟེང་འདི་ན་ཆེས་ཁྱད་དུ་འཕཊ་པའི་དེང་རབས་ཚན་རིག་རིག་གནས་དང་མཐུན་པའི་ཁར། གཞན་ཕན་ཞི་བདེའི་ཆོས་ལུགས་རིགས་གཞུང་ཞིག་གི་ངོ་བོའི་སྟེང་འགྲོ་བ་མིའི་རིགས་འདི་བཞིན་འཚོ་ཞིང་རྟེན་པའི་གོ་ལ་ཟླུམ་པོའི་བརྟན་འཇགས་ཞི་བདེའི་ཆེད་ཞབས་འདེགས་ཞུས་དང་ཞུ་མུས་སུ་ཡོད་ཅིང་། ནང་པའི་བསྟན་པ་བོད་ཡུལ་དུ་དར་བའི་ལོ་རྒྱུས་རིང་མོའི་ཁྲོད་འཆད་རྩོད་རྩོམ་གསུམ་ལ་ཤིན་ཏུ་མཁས་པའི་སྐྱེས་ཆེན་དམ་པ་དུ་མས་སྦྱངས་བརྩོན་ཞིབ་འཇུག་དང་བརྒྱུད་འཛིན་གོང་སྤེལ། དེ་དང་འགྲོས་མཉམ་གྱིས་སྒྲུབ་པ་སྙིང་པོར་བྱེད་པའི་སྤོང་བ་པས་ཉམས་ལེན་མཐར་ཐུག་གི་འབྲས་བུ་རུ་གསར་བཏོད་ཀྱི་ཤེས་རབ་ལས་འཁྲུངས་པའི་དམ་པའི་སྐྱེས་རབས་འཛིན་པའི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་པའི་ལམ་སྲོལ་འདི་གངས་ཅན་བོད་དུ་དར་པ་ནས་བཟུང༌། སངས་རྒྱས་བསྟན་པར་གསོན་ཤུགས་གསར་བ་ཞིག་རྒྱས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ལྡན་པའི་སྤྲུལ་སྐུའི་ལམ་ལུགས་དེ་བྱུང༌།

དེ་ཡང་སྤྲུལ་སྐུ་ཞེས་པ་ནི་སངས་རྒྱས་ཀྱི་ངོ་བོ་ཉིད་སྐུ། ཡེ་ཤེས་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་ཞེས་པའི་སྐུ་བཞིའི་ནང་གི་སྤྲུལ་སྐུ་ཞེས་པ་དེ་ཡིན་ཞིང༌། སྤྲུལ་སྐུ་ནི་སངས་རྒྱས་རྣམས་རང་ཉིད་སངས་རྒྱས་ཟིན་པའི་རྗེས་སུ་སེམས་ཅན་གྱི་དོན་དུ་གང་ལ་གང་འཚམས་པའི་སྤྲུལ་བ་སྣ་ཚོགས་བསྟན་ནས་འགྲོ་བའི་དོན་མཛད་པ་ལ་ཟེར་ཞིང༌། མ་དག་པའི་དོན་གང་ཞིག་བྱང་ཆུབ་སེམས་དཔའ་ཞིག་གིས་མཛད་དགོས་ཚེ། དག་པའི་སངས་རྒྱས་ཉིད་ནི་བསམ་བཞིན་དུ་མ་དག་པའི་རྣམ་པ་ཞིག་ཏུ་བསྟན་པའི་སྤྲུལ་བའི་གཟིགས་སྐུ་ཞིག་ཡིན་པས་དེ་ལ་སྤྲུལ་བའི་སྐུ་ཞེས་འབོད་སྲོལ་ཆགས་ཡོད།

སྤྲུལ་སྐུ་ངོས་འཛིན་བྱེད་སྟངས།

སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་སྲོལ་འདི་ནི་ལོ་ངོ་བདུན་བརྒྱའི་སྔོན་དུ ༡༢༨༤ལོ་ཀརྨ་པ་རང་བྱུང་རྡོ་རྗེ་སྐུ་འཁྲུངས་ནས་དགུང་ལོ་ལྔ་ལ་ཕེབས་སྐབས་གྲུབ་ཐོབ་ཨུ་རྒྱན་པ་རིན་ཆེན་དཔལ་གྱིས་ཀརྨ་པཀྴཱའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་ཞུས། དུས་དེ་ནས་བཟུང་བོད་དུ་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་པའི་ལམ་སྲོལ་ཐོག་མ་དེ་དར། ཡིན་ཡང་སྤྲུལ་སྐུ་ངོས་འཛིན་ཞེས་པའི་ཐ་སྙད་འདི་དམིགས་བསལ་དེ་དུས་སུ་བོད་དུ་དར་ཡང་སྤྲུལ་བ་ཞེས་པའི་ཐ་སྙད་འདི་སྔོན་ཆད་ནས་ཡོད་པ་ཞིག་རེད། དཔེར་ན། སྲོང་བཙན་སྒམ་པོ་ནི་སྤྱན་རས་གཟིགས་ཀྱི་སྤྲུལ་བ་ཡིན་ཞེས་བཤད་སྲོལ་ཡོད་པ་ཇི་བཞིན༌། མ་དག་པའི་རྣམ་པ་བསྟན་པའི་སྤྲུལ་སྐུ་ཞེས་པ་དེ་བྱུང་དགོས་དོན་ཐད་ཡང༼མངོན་རྟོགས་རྒྱན༽གྱི་ནང་དུའང༼གང་གིས་སྲིད་པ་ཇི་སྲིད་པར།། འགྲོ་ལ་ཕན་པ་སྣ་ཚོགས་དག། མཉམ་དུ་མཛད་པའི་སྐུ་དེ་ནི།། ཐུབ་པའི་སྤྲུལ་སྐུ་རྒྱུན་མི་ཆད།།༽ ཞེས་གསུངས་པ་ལྟར། སངས་རྒྱས་བྱང་སེམས་ཀྱི་སྤྲུལ་བས་འགྲོ་བའི་དོན་མཛད་དུས་སྲིད་པ་མ་སྟོང་གི་བར་དུ་སྤྲུལ་བ་དེ་གཅིག་ནས་གཅིག་མཐུད་དེ་ཡོང་གིན་ཡོད་ལ༌། སྤྲུལ་བ་ཡོང་སྟངས་དེ་ལ་རིམ་གྱེས་པ་དང་ཅིག་ཆར་བ་གཉིས་ཡོད། རིམ་གྱེས་པ་ནི་སྐུ་གོང་མ་དེའི་དགོངས་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་རྗེས་སྤྲུལ་བ་རྗེས་མ་དེ་རིམ་བཞིན་ཡོང་བའི་བྱུང་སྟངས་དེ་ལ་ཟེར་ཞིང༌། ཅིག་ཆར་བ་ནི་དུས་མཉམ་དུ་སྤྲུལ་བ་འགའ་རེ་བྱུང་བའི་བྱུང་སྟངས་དེ་ལ་ཟེར།

ཅིག་ཆར་བའི་སྤྲུལ་སྐུ་ལ་དཔེར་ན། རྗེ་དགེ་འདུན་གྲུབ་པ་དང་འཇམ་དབྱངས་ཆོས་རྗེ་ལྟ་བུ། དེ་ཡང་འཁྲུལ་ཞིག་རིན་པོ་ཆེས་༧གོང་ས་ཏཱ་ལའི་བླ་མའི་སྐུ་ཕྲེང་རིམ་བྱོན་གྱི་གསོལ་འདེབས་ཤིག་བརྩམས་ཡོད་པའི་ནང་དུ་འཇམ་དབྱངས་ཆོས་རྗེ་དང་གྲུབ་ཆེན་ནག་པོ་སྤྱོད་པ་གཉིས་ཀྱང་༧གོང་ས་ཏཱ་ལའི་བླ་མའི་སྐུ་ཕྲེང་ནང་བཞག་ཡོད་པ་དང༌། འཇམ་དབྱངས་ཆོས་རྗེ་༧གོང་ས་མཆོག་གི་སྐུ་ཕྲེང་རིམ་བྱོན་ནང་འཇོག་དགོས་དོན་ཐད་འཁྲུལ་ཞིག་རིན་པོ་ཆེས་དམིགས་བསལ་དོགས་སློང་ཞིག་བྱས་ཡོད་པའི་ནང༌། གྲུབ་ཆེན་ནག་པོ་སྤྱོད་པ་དང་འཇམ་དབྱངས་ཆོས་རྗེ་གཉིས། ༧གོང་ས་ཏཱ་ལའི་བླ་མའི་སྐུ་ཕྲེང་རིམ་བྱིན་ནང་འཇོག་དགོས་དོན་གཙོ་བོ་ནི་༧གོང་ས་མཆོག་གི་བཀའ་སློབ་བཞིན་བཞག་པ་ཡིན་ཞེས་བཀོད་ཡོད་པས༌། ༧གོང་ས་རྒྱལ་བ་རིན་པོ་ཆེའི་སྐུ་ཕྲེང་དང་པོ་ནི་རྗེ་དགེ་འདུན་གྲུབ་པ་ཡིན་པ་ཡོངས་གྲགས་ཡིན་པ་མ་ཟད༌། ད་དུང་རྗེ་དགེ་འདུན་གྲུབ་དང་འཇམ་དབྱངས་ཆོས་རྗེ་གཉིས་དུས་མཉམ་དུ་རྗེ་ཙོང་ཁ་བའི་དངོས་སློབ་ཡིན་པས༌། འདི་ལྟ་བུ་ལ་ཅིག་ཆར་བའི་སྤྲུལ་བ་རུ་ངོས་འཛིན་བྱས་ཆོག་པར་མ་ཟད། སྐབས་དེར་དེ་ལ་མ་འདས་སྤྲུལ་སྐུ་ཞེས་མིང་དེ་བཏགས་མེད་པ་མ་གཏོགས་དོན་གྱི་ཆ་ནས་མ་འདས་སྤྲུལ་སྐུ་རུ་ཆགས་ཡོད་པས། མ་འདས་སྤྲུལ་སྐུ་ཞེས་པའང་ཅིག་ཆར་བའི་སྤྲུལ་སྐུ་བྱུང་སྟངས་ཀྱི་ནང་གསེས་སུ་གཏོགས་པ་དང༌། མ་འདས་སྤྲུལ་སྐུ་ཡི་ཡང་སྲིད་ངོས་འཛིན་བྱེད་པའི་སྲོལ་རྒྱུན་དར་ནས་མ་མཐའ་ཡང་ལོ་ངོ་བཞི་བརྒྱ་ལྷག་སོང་ཡོད་པར་སྙམ།

དེ་ལས་མང་བ་། “མ་འདས་སྤྲུལ་སྐུ་རོབ་གླེང་།” »

རྩོམ་རིག

Posts pagination

Previous 1 … 878 879 880 … 910 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (21)
  • ན་ཟུག (7)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme