བཀྲ་ཤིས་བདེ་ལེགས། དྲ་གྲོགས་རྣམ་པ། ང་རང་མི་ལས་ངན་ཅིག་ཡིན་པ་འདྲ། ར་བཟི་བའི་སྐབས་མ་གཏོགས་ཁྱེད་ཚོར་མཇལ་བ་དང་ཁྱེད་ཚོའི་གསུང་གི་སྦྲང་རྩིར་མྱངས་པའི་གོ་སྐབས་ཐོབ་ཐབས་བྲལ། ཡང་ཁྱེད་ཚོ་ཡང་ལས་ངན་ཞེ་ཅིག་རང་སྟེ་ང་ར་བཟི་བའི་སྐད་ཆ་ཁོ་ན་མ་གཏོགས་ཉན་ཐུབ་པའི་གོ་སྐབས་དབེན། ད་དེ་ནི་སྐྱེ་བ་སྔ་མའི་ལས་དབང་རང་སྟེ་མ་དགའ་ན་ཡང་གཅིག་གཅིག་གི་གདོང་ལ་བལྟས་ནས་ཉན་ཙམ་དང་ལྟ་ཙམ་བྱས་སྡོད་པ་ལས་ཐབས་ལམ་གཞན་ཅི།
དེ་རིང་ངས་རྒྱ་ནག་གི་མིང་གི་ཐོགས་དོན་ལ་ཁ་བརྡ་འཁྱུག་ཙམ་བྱེད་བསམ་སོང་། འཁྱུག་ཙམ་ཟེར་ན་དུས་ཡུན་ཐུང་ངུའི་དོན་ལ་འཇུག་པ་མ་ཟད་གློག་དང་འོད་འཁྱུག་པ་ལའང་འཇུག ད་བར་ང་ཚོའི་བསྟན་བཅོས་ཁག་ནང་རྒྱ་ནག་ཟེར་བའི་ཡི་གེ་འདིར་སྒྲ་བཤད་མང་པོ་ཅིག་བྱུང་བ་རེད། དེ་ཚང་མ་ཨ་ལགས་ཞབས་དྲུང་ཚང་གི་ཐོན་མིའི་ཞལ་ལུང་ནང་དྲངས་ཡོད་པས་ངས་ཡང་སྐྱར་ཟློས་ནས་ངལ་བ་བྱེད་དགོས་མ་མཆིས། འགྲེལ་བཤད་དེ་ཚོར་ཁྱད་པར་ཅུང་ཟད་རེ་ཡོད་པ་ལས་རྩ་བའི་ཆ་ནས་དཀར་པོ་དང་ནག་པོ་ལས་མ་འདས་པ།
ཏ་ཞིག
གཅན་ བཟོད་པ།
སྤྱིར་ ཐ་སྙད་འདི་ལའང་བྲུ་ཤ་ནང་བཞིན་འབྲི་ཚུལ་མང་ཡང༌། བདག་གིས་ཏ་ཞིག་ཅེས་ཏུན་ཧུང་ངམ་ཡོང་གྲགས་ཏུན་ཧོང་ནས་ཐོན་པའི་བོད་ཀྱིདཀྱི་ལོ་ རྒྱུས་ཡིགརིགས་ལས་ཏ་ཞིག་ཅེས་འབྱུང་བས་འདིར་ཡང་དེ་ལྟར་དུ་བཀོད་པ་ཡིན། ཏ་ཞིག་ཅེས་པ་ནི་གནའ་སྔ་མོའི་དུས་ཀྱི་ཨི་རན་གྱི་ཚོ་ཁག་ཅིག་གི་མིང་ཡིན་ལ། དུས་རབས་བདུན་པའི་སྐབས་སུ་ཨི་སི་ལན་ཆོས་ལུགས་ཨེ་ཤ་ཡ་ནུབ་མའི་རྒྱལ་ཁབ་ཁག་ལ་དར་རྗེས། ཨེ་ཤ་ཡ་དང་ཨ་ཧྥི་རི་ཀ ཡོ་རོབ་གསུམ་ཡུག་གཅིག་ཏུ་འབྲེལ་བའི་ཨ་རབ་བཙན་རྒྱལ་རིང་ལུགས་ཀྱི་རྒྱལ་ཁབ་བཙུགས་ཤིང་ལོ་རྒྱུས་སྟེང་ཡོངས་གྲགས་ཏ་ཟིག་བཙན་པོའི་རྒྱལ་ཁབ་ཅེས་གྲགས་པའི་ཡུལ་དེ་ཡིན་ལ། ར་ཞིག་དང་ཏ་ཞིག ཏ་ཟིག ཏཱ་ཟིག ཏཱ་སིག པར་ཟིག པར་སིལ།(པར་སིལ་ཞེས་པ་འདི་ནི་ཏ་ཞིག་གམ་སྟག་གཟིག་ཞེས་པ་དེ་ཨེ་ཡིན་ནམ་སྙམ་སྟེ། གོང་གི་ཡིག་ཆ་དེར་ཏ་ཞིག་དང་པར་སིལ་ཞེས་མི་འདྲ་བར་འབྱུང་བས་བརྟག་དགོས།) སྟག་གཟིག པར་པར་སིག་སིག སོག་པོ་པར་སིག་སོགས་གཅིག་ཏུ་མ་ངེས་ཀྱང་དོན་ནི་སྟག་གཟིག་སྟེ་དེང་གི་Iran ཟེར་བ་དེ་ཡིན་ལ། མིང་འདི་ནི་སྟག་གཟིག་གམ་ཏ་ཟིག་རང་གི་སྐད་Ta-zig ཡང་ན་azi, Taziks, Tajiཞེས་པ་སྒྲ་བསྒྱུར་བྱས་པས་བོད་སྐད་དུ་སྒྲ་འདྲ་མིན་བྱུང་བར་ངེས།
སློབ་མ་ ༡༠༠ ལྷག་དམག་མིས་འཁྲིད་སོང་ཟེར།
ད་སོ་མ་གནས་ཚུལ་གོ་ཐོས་བྱུང་བ་ལ་གཞིགས་ན་ ཟླ་བ་ གསུམ་པའི་ཚེས་ ༡༤ ཞོགས་ཀའི་ཆུ་ཚོད་དགུ་བ་ཙམ་ལ། ཁྲིན་ཏུའུ་ཁུལ་དུ་ཡོད་པའི་བོད་རིགས་མཐོ་རིམ་སློབ་གྲྭ་བ་བརྒྱ་སྐོར་ཞིག་རྒྱའི་དམག་མིས་འཇུ་བཟུང་བྱས་ནས་འཁྲིད་འགྲོ་གི་འདུག་ཟེར། དམག་མིས་སློབ་མ་ཚོ་གང་དུ་འཁྲིད་པ་དང་རྒྱུ་མཚན་ཅིའི་ཕྱིར་འཁྲིད་པ་སོགས་ད་ཆ་གསལ་པོ་མི་འདུག་ཟེར། གནས་ཚུལ་ཞིབ་གསལ་གོ་ན་འདིར་གསུངས་རོགས།
སྐྱོ་གླུ།
འབྲོག་རུ་ཆོས་གྲགས། རྒྱ་ནག་གནམ་ལྕགས་ཐོག་རེད།། བོད་ཡུལ་ཛ་དྲག་ནང་རེད།། ཚེ་སྲོག་མེ་མདའི་འོག་རེད།། དགོན་སྡེ་དམག་སྒར་གྲོང་རེད།། སྨྲ་བརྗོད་རང་དབང་མེད་པས།། མི་རྣམས་ལྐུགས་པར་གྱུར་སོང༌།། ལྐུགས་པའི་སྙིང་གི་ན་ཟུག། རང་ལུས་མེ་རུ་སྦར་སོང༌།། བོད་འབངས་སྡུག་གི་ནང་རེད།། བོད་ཡུལ་དུ་ཁྲོད་གནས་རེད།། གཞིས་བྱེས་གཉིས་ཀྱི་བརྩེ་དུངས།། དཀར་པོ་དུང་ལས་ལྷག་རེད།།
བོད་ནང་གི་བོད་དང་འབྲེལ་ཡོད་ཀྱི་སྒེར་གྱི་དྲ་རྒྱ་ཁ་ཤས་སྒོ་བརྒྱབ་འདུག
བོད་ནང་གི་བོད་དང་འབྲེལ་ཡོད་ཀྱི་སྒེར་གྱི་དྲ་རྒྱ་ཁ་ཤས་སྒོ་བརྒྱབ་འདུག ཁ་ས་ནས་བཟུང་བོད་ཀྱི་སྐད་ཡིག་དྲ་ཚིགས། (Tibettl.com) དང་མཆོད་མེ་དྲ་རྒྱ། (Tibetcm.com)སོགས་སྒོ་བརྒྱབ་འདུག གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། དྲ་རྒྱ་འདི་ཚོ་ནི་སྒེར་གྱི་བདག་གཉེར་བྱེད་བཞིན་པ་དང་། བོད་མི་མང་པོས་དགའ་པོ་བྱེད་ཀྱི་ཡོད་པས། སྲིད་གཞུང་ནས་དྲ་རྒྱ་དེ་ཚོར་རྟག་ཏུ་ལྟ་རྟོག་དང་དོ་དམ་ནན་པོ་བྱེད་ཀྱི་ཡོད་ཚོད། དེ་བཞིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མཆོད་མེ་དྲ་རྒྱའི་གཙོ་གཉེར་བ་སྐུ་ཞབས་དཀོན་མཆོག་ཚེ་འཕེལ་འབོད་པ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཁབ་བདེ་འཇགས་མི་སྣས་ཆབ་སྲིད་ཀྱི་དོགས་གཞིའི་འོག་གློ་བུར་འཛིན་བཟུང་གིས་དེ་གའི་སྤྱི་བདེ་ལྟ་སྲུང་ཁང་དུ་བཀག་ཉར་བྱས་ཡོད་པ་དང༌། ཁོང་འཇུ་བཟུང་སྐབས་རང་ཁྱིམ་སྔོག་བཤེར་གྱིས་གློག་ཀླད་དང་དོགས་ཡོད་ཅ་དངོས་རིགས་འཕྲོག་འཁྱེར་བྱས་ཡོད་འདུག
ངའི་བོད་སྐད་ཡིག
འབྲོག་རུ་ཆོས་གྲགས་ཀྱིས།
ངའི་མེས་པོ་ཚོའི་སྤྱི་ཚོགས་ཁྲོད་ཀྱི་བོད་སྐད་ཡིག་ནི་མཆོད་བཤམས་ཀྱི་ཁྲོད་ནས་བཤམས་རྒྱུ་དང་ཁ་ཏོན་གྱི་དཔེ་ཆ་འདོན་བྱེད་ཅིག ད་དུང་བླ་གྲྭ་ཚོས་ནང་ཆོས་སྦྱོང་བྱེད་དང་སྒོམ་ཆེན་ཚོས་གསང་སྔགས་བསྒྲུབ་བྱེད་ཁོ་ན་ཞིག་ཆགས་ཡོད། ཡིན་ནའང་ངའི་ན་གཞོན་ཚོའི་སྤྱི་ཚོགས་ཁྲོད་དུ། བོད་སྐད་ཡིག་ནི་མིའི་རིགས་ཀྱི་གནད་དོན་གླེང་བྱེད་དང་། མིའི་རིགས་ཀྱི་འཚོ་གནས་བསྒྲུབ་བྱེད་ཅིག་ཡིན། ད་དུང་བོད་སྐད་ཡིག་གིས་ངའི་མི་རིགས་འདིའི་སྐྱོ་སྡུག་གི་ལོ་རྒྱུས་ཀྱི་འཁན་འཁྲི་ཁུར་ནས་གཞིས་བྱེས་གཉིས་གཅིག་ཏུ་སྤྲེལ་དགོ།
ཁེར་རྐྱང་གི་གོམ་བགྲོད།
འཇིགས་མེད་ནོར་བུ་ལགས་དང་སྤྱི་ཟུར་དབང་ཕྱུག་རྡོ་རྗེ་ཟུང་གིས་བོད་རང་བཙན་ཆེད་ཨ་རིའི་ཨིན་ཌི་ཡ་ན་ཨེ་པོ་ལེ་སི་གྲོང་ཁྱེར་ནས་ནིའུ་ཡོག་གྲོང་ཁྱེར་བར་རྒྱང་ཐག་མེལ་ལེ་ ༩༠༠ ཅན་གྱི་ཞི་བའི་གོམ་བགྲོད་དེ་ ཟླ་འདིའི་ཚེས་ ༡༠ ཉིན་མགོ་འཛུགས་ཞུས་ཡོད་པ་རེད།
ཉིན་འདིའི་ཞོགས་ཀའི་ཆུ་ཚོད་བཅུ་དང་ཕྱེད་ཀ་ཙམ་ལ་ས་གནས་ཀྱི་བོད་མི་འགའ་ལྷན་དུ་བོད་རང་བཙན་གྱི་སྐད་འབོད་དང་བཅས་གོང་གསལ་གོམ་བགྲོད་དེ་དབུ་འཛུགས་བྱས་ཡོད་པ་དང་། གོམ་བགྲོད་ནང་ཞུགས་མཁན་ཟུང་གིས་ད་ལྟའི་བོད་ནང་གི་དཀའ་ངལ་ལ་གདུང་སེམས་མཉམ་བསྐྱེད་དང་། དེ་བཞིན་བོད་ཀྱི་སུམ་ཅུའི་གྱེན་ལངས་ལོ་ ༥༠ འཁོར་བར་དྲན་གསོ་བྱེད་པ། ལྷག་པར་དུ་སྐུའི་གཅེན་པོ་ལྟག་མཚེར་རིན་པོ་ཆེ་དམ་པའི་བཞེད་དགོངས་རྫོགས་ཕྱིར་གོམ་བགྲོད་འདི་མགོ་འཛུགས་བྱས་ཡོད་ཅེས་གསུངས་ཡོད་པ་རེད།
༸སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གསུམ་བཅུའི་དུས་དྲན་ཐེངས་ལྔ་བཅུ་པའི་ཐོག་ཡོངས་ཁྱབ་ཏུ་བསྩལ་བའི་གསུང་འཕྲིན།
(ཕྱི་ལོ་༢༠༠༩ཕྱི་ཟླ་༣ཚེས་༡༠)
༄༅།།དེ་རིང་གི་ཉིན་མོ་འདི་ནི་ཕྱི་ལོ་༡༩༥༩ལོར་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་དམར་གྱི་བཙན་གནོན་ལ་མ་བཟོད་པར་བོད་མིས་ཞི་བའི་ངོ་རྒོལ་བྱས་ནས་ལོ་ལྔ་བཅུ་ཧྲིལ་པོ་འཁོར་བའི་དུས་ཚིགས་ཡིན་པ་དང་། སྔ་ལོའི་གསུམ་བཅུའི་རྗེས་ཆོལ་གསུམ་བོད་ཀྱི་ས་ཁུལ་ཡོངས་ཁྱབ་ཏུ་བྱུང་བའི་ཞི་རྒོལ་བྱེད་མཁན་ཕལ་མོ་ཆེ་ཕྱི་ལོ་༡༩༥༩རྗེས་སུ་སྐྱེས་འཚར་བྱུང་བའི་ན་གཞོན། རང་དབང་བོད་ཀྱི་གནས་བབ་མྱོང་ཚོར་མེད་མཁན་ཡིན་ནའང་། བོད་ཀྱི་རྩ་དོན་ཐོག་ལྷག་བསམ་འགྱུར་མེད་མི་རབས་ནས་མི་རབས་རྒྱུན་གནས་ཡོད་པ་ནི་སྤོབས་པ་སྐྱེ་གཞི་དང་། རྒྱལ་སྤྱིའི་ནང་བོད་དོན་ལ་དོ་སྣང་ཡོད་མཁན་ཚོར་སྙིང་སྟོབས་འཕེལ་རྐྱེན་ཞིག་ཏུ་གྱུར་ཡོད། སྐབས་དེར་རྐྱེན་ལམ་དུ་སོང་བ་དང་། སྡུག་སྦྱོང་མནར་གཅོད་མྱོང་མཁན་རྣམས་ཀྱིས་མཚོན་ད་བར་བསྟན་སྲིད་ཀྱི་དོན་དུ་ལུས་སྲོག་ཤོར་མཁན་དང་། སྡུག་སྦྱོང་མྱོང་མཁན་ཚང་མར་རྗེས་དྲན་དང་མཆོག་གསུམ་གསོལ་འདེབས་བྱེད་དགོས།
སྐུ་ཞབས་ཀྲང་དང་གླེང་མོལ་ཡི་གེར་བཀོད་པ །
སྐུ་ཞབས་ཀྲང་དང་གླེང་མོལ་ཡི་གེར་བཀོད་པ ། བོད་ཀྱི་སྐད་ཡིག་དྲ་ཚིགས་ནས་བླངས། (http://www.tibettl.com/blog/u/laozang555/archives/2009/5413.html) དེ་རིང་གཞན་དོན་ཞིག་གི་ཕྱིར་ཏུ་ས་ཆ་ག་གེ་མོ་ཞིག་ལ་འགྲོ་བའི་ལམ་བར་ནས ། རྒྱ་རིགས་སྐུ་ཞབས་ཀྲང་དང་ངེད་གཉིས་ཁ་བརྡ་སྣ་ཚོགས་ཚོགས་ཤིག་གླེང་པས་གོ་སྐབས་ཡག་པོ་ཞིག་བྱུང་། བཤད་ཀྱིན་བཤད་ཀྱིན་ན་ནིང་གི་གསུམ་བཅུ་བཞི་ལས་འགུལ་བཤད་རྒྱུར་འཕྲད་སོང་། ཡིན་ཡང་ངའི་སེམས་ངོར་ཁོ་ནི་རྒྱ་རིགས་ཡིན་པའི་ངའི་བསམ་ཚུལ་གྱི་ལྡོག་ཕྱོགས་ནས་བཤད་རྒྱུ་རེད་འདོད་མ་མཐའ་ཡང་ཟུར་ཙམ་ཞིག་ལྡོག་ཕྱོགས་ནས་ལོས་བཤད་བསམ་སོང་། དེ་མ་ཡིན་པར་ཁོ་བཤད་པ་ཕལ་ཆེར་ང་ཚོའི་བོད་མི་ཡོངས་ཀྱི་བསམ་ཚུལ་འདྲ་བོ་འདུག ཁོས་ དེ་རིང་གཙོས་གྲོང་ཁྱེར་ལ་འགོ་ཁྲིད་ཞིག་གམ་དཔོན་པོ་ཞིག་ཡོང་གི་ཡོད་ཁ་རེད ། ངས་ ཅི་བྱེད་ཀི ཁོས་ གཙོས་གྲོང་ཁྱེར་གྱི་ལམ་མདོ་སྲང་མདོ་ཡོད་ཚད་འགྲིམ་འགྲུལ་ཉེན་རྟོག་པ་དང་དམག་མིའི་བཀག་འདུག་ཟེར ། ངས་ འོ་དེ་རིང་སྤྱི་ཟླ་གསུམ་པའི་ཚེས་པ་དགུ་རེད་སང་ཉིན་ནི་ཚེས་བཅུ་ཡིན་པའི་སྤྱི་ཟླ་གསུམ་པའི་ཚེས་བཅུ་ནི་གཞས་བྱེས་གཉིས་སུ་ལྷུང་བའི་བོད་མི་ཡོངས་ཀྱི་འདས་སོང་ལོ་ཟླ་སྐྱུར་བོ་ཕྱི་དྲན་བྱེད་པའི་ཉིན་མོ་ཡིན་པ་དང་དེའི་ཁར་ད་ལོ་ནི་བོད་མིའམ་བོད་རྒྱལ་ཁབ་ཀྱིས་རང་དབང་གཞན་འོག་ཏུ་ཤོར་ནས་ལོ་འཁོར་ལྔ་བཅུ་ལོན་པ་ཡིན་པའི་ཁོ་རང་ཚོས་དེ་ལ་སྔོན་འགོག་གི་འཇིགས་སྣང་བསྐུལ་བ་དང་དྲག་ཆས་སྤྲད་པ་ཡིན་རྒྱུ་རེད་གོ…
༣ དོན་ངོ་མར་ང་ཚོ་ཡར་སློང་མཁན་དེ་སུ་ཡིན།
༣ དོན་ངོ་མར་ང་ཚོ་ཡར་སློང་མཁན་དེ་སུ་ཡིན།
བོད་ཀྱི་སྐད་ཡིག་དྲ་ཚིགས་ནས་བླངས། (http://www.tibettl.com/blog/u/gangni/archives/2009/5358.html)
ང་ཚོ་ལྷིང་འཇགས་དང་ཞི་འཇམ་གྱི་ངང་དུ་བསྡད་ཡོད། ང་ཚོ་གོ་མེད་དང་ཚོར་མེད་ཀྱི་ངང་དུ་གནས་ཡོད། རྒྱུ་མཚན་ང་ཚོར་དམ་པའི་ཆོས་ཀྱི་འདོད་ཆུང་ཆོག་ཤེས་ཀྱི་བསླབ་བྱས་བག་ཆགས་ཀྱི་ས་བོན་མང་བོ་ཞིག་སྔོན་ནས་བཏབ་ཡོད་རྐྱེན། སྔོན་ཆད་ཡིན་ན་ང་ཚོར་འདོད་པ་ཆེན་པོ་ཞིག་མེད་དེ་ང་ཚོའི་འདོད་པ་ཆུང་ངུ་དེ་ནི་ཁོ་ཚོས་བཤད་པ་བཞིན་ཆོས་ལུགས་དད་མོས་ཀྱི་རང་དབང་ཞིག་དང་། རིག་གནས་རང་སྐྱོང་གི་རང་དབང་ཞིག འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་ཞིག་ལས་གང་ལའང་བསམ་བློ་བཏང་མྱོང་མེད། འདི་ཙམ་གྱི་འདོད་པའང་ང་ཚོར་བསྐང་གི་མེད་ན་འཇིག་རྟེན་ཁ་དཔེར “དེད་དེད་ཀྱི་རྦལ་བ་ངོར་ལྡིང” བ་ལྟར། ནང་ཇ་མ་དགོས་དུས་དྲོས་ཇ་ཡང་དགོས་མེད་དུ་འདོད་པའི་བསམ་བློ་ཐ་ཤལ་དེས་མང་བོ་ཞིག་ཡར་བསླང་སོང་བ་རེད།
ང་དང་བོད་ཀྱི་འཐབ་རྩོད་ཀྱི་འགྱུར་བ།
དགེ་འདུན་གྱིས།
སུམ་བཅུའི་དུས་དྲན་ ༥༠ ཐམ་པ་བ་འདི་འཁོར་ལ་ཉེ། འདི་ནི་ངའི་ལོ་ཚད་དང་ཧ་ལམ་གཅིག་པ་རེད། ང་ཆུང་དུས་སུ་དར་དམར་འོག་གི་དཔའ་བོ་ཆུང་ཆུང་ཞིག་ཡིན། མའོ་ཙེ་ཏུང་ལ་དགའ། ལིས་ཧྥིན་ལ་སློབ་སྦྱོང་བྱས། དཔའ་བོ་ཏུང་ཚོ་རིས་ཀྱི་སྙིང་སྟོབས་དང་དཔའ་མོ་ལིས་ཧུ་ལིན་གྱི་གསར་བརྗེའི་སྙིང་སྟོབས་དེ་ཚོ་ངའི་ཀློག་དེབ་དང་ཁ་བྲལ་མ་མྱོང་། ངའི་སྐེ་ན་དར་དམར་ཡོད་ལ། ང་ནི་”དམར་ཆུང་དམག་”ཆུང་ཆུང་ཞིག་ཡིན། ང་ཙམ་ཞིག་ག་ལ་ཡིན་ཏེ། ངའི་མི་ཐོག་འདི་ཡང་དེ་ལྟར་ཡིན། ང་དང་མི་ཐོག་གཅིག་པའི་ན་གཞོན་སྟོང་ཕྲག་མང་པོ་དེ་ལྟར་ཡིན། ང་ཚོས་ཕྱི་རོལ་གྱི་འཛམ་གླིང་མི་ཤེས་ལ། བོད་ཀྱི་ལོ་རྒྱུས་མི་ཤེས། ང་ཚོས་རྒྱལ་བ་རིན་པོ་ཆེ་ཕྱི་ལ་ཕེབས་པ་མི་ཤེས་ལ། པཎ་ཆེན་རིན་པོ་ཆེ་བཙོན་དུ་ཚུད་པའང་མི་ཤེས། གལ་སྲིད་ཤེས་ན་ཡང་རབ་རིབ་ཅིག་ཤེས།
བོད་མི་རིགས་ཀྱི་རིག་གཞུང་དང་གོམས་སྲོལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི།
འགར་ཚེ་རྒྱལ།
———-
ད་ལྟའི་དུས་སྐབས་འདིར་བོད་མི་རིགས་ལ་ཁའི་ན་བུན་དང་རྩྭ་རྩེའི་ཟིལ་བའི་ཚུལ་དུ་གནས་ཡོད་པ་ནི། ང་ཚོ་ལ་སྤྱི་ཕན་གྱི་བསམ་བློ་དང་ཆིག་སྒྲིལ་གྱི་ལངས་ཕྱོགས་མེད་པར། རང་ཉིད་དང་རང་ཉིད་ཀྱི་ཉེ་འཁོར་ལ་མིག་ཅེར་ཁ་གདེང་ནས་འདུག་པ་ལས་བོད་མི་རིགས་སྤྱི་ཡོངས་ཀྱི་ངོས་ནས་བསམ་མ་ཐུབ་པ་དང་། བལྟ་མ་ཐུབ་པར་ང་ཚོའི་མིག་མཐོང་དུ་ཡོད་པའི་ཕྱི་ནང་གི་རྒྱུ་རྐྱེན་མང་པོ་ཞིག་གོ་མེད་ཚོར་མེད་ངང་སྣང་མེད་དུ་བཞག་པའི་དབང་གིས་རེད། དེས་ན་ང་ཚོའི་མི་རིགས་འདི་ཆག་འཇིག་ལས་སྐྱོབ་དགོས་ན་མི་རིགས་ཀྱི་རིག་གཞུང་དང་གོམས་སྲོལ་རྒྱུན་འཛིན་སྲུང་སྐྱོབ་བྱ་དགོས་ལ། ཇི་ལྟར་སྲུང་སྐྱོབ་བྱེད་སྟངས་ནི་ཕུགས་དེད་ན་བྱེ་བྲག་མི་སྒེར་སོ་སོའི་བསམ་བློ་དང་ཀུན་སྤྱོད་འཁྱེར་སྟངས་ལ་རག་ལས་བ་ཞིག་སྟེ། ད་ལྟའི་སྐབས་ཤེས་ཡོན་པ་ཡིན་མ་ཡིན་གང་ལྟར་ཕྱོགས་གཅིག་ནས་གདོད་མའི་བསམ་བློ་རྙིང་པ་དང་ལྟ་བ་རྙིང་པ་མཁྲེགས་བཟུང་གིས། ཡོད་ཚད་ལྷ་ལ་བཅོལ་ཞིང་ལྷ་ལ་རེ་ནས་འདུག་པ་དང༌། ཕྱོགས་གཞན་ཞིག་ནས་རྒྱུན་སྲོལ་རྙིང་པ་དང་ལྟ་བ་རྙིང་པ་ཐམས་ཅད་གཏོར་བཅོམ་མཚམས་འཇོགས་བྱེད་དགོས་པའི་ལྟ་ཚུལ་འཛིན་པ་གཉིས་ཀྱི་ངོས་ནས་བལྟས་ན། རྙིང་པ་དང་གསར་པ་གང་ཡིན་ཡང་བོད་མི་རིགས་འཚོ་གནས་ཀྱི་གཞི་རྩར་རག་ལས་པ་ཞིག་ཡིན་ཕྱིན་རང་སྟེང་ནས་འགན་འཁྱེར་གྱིས་སྲུང་ལེན་བྱ་དགོས་པ་དང༌། མི་རིགས་ཡར་ཐོན་གྱི་བཀག་འགོག་ཏུ་གྱུར་པ་ཞིག་ཡིན་ཕྱིན་ཕུགས་རྒྱང་རིང་པོས་འདོར་སྤང་བྱ་དགོས། མདོར་དོན་བོད་ཀྱི་རིག་གཞུང་དང་གོམས་སྲོལ་བཟང་པོའི་ཕྱོགས་ལ་ལྟ་བ་གསར་རྙིང་འཛིན་མཁན་གང་ཡིན་ཡང་ཕྱོགས་གཉིས་ཀྱི་འབབ་ས་གཅིག་ཏུ་བབས་ཏེ་གཙོ་བོ་བོད་ཀྱི་རིག་གཞུང་དང་གོམས་སྲོལ་བཟང་པོ་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་པ་ལས། ཕན་ཚུན་རང་ལྟ་མཁྲེགས་བཟུང་གིས་ངན་པའི་ཕྱོགས་ཡིན་པ་ཤེས་བཞིན་དུ་ཨུ་ཚུགས་བསྐྱེད་དེ་གནས་ལུགས་ཡང་དག་ཅིག་ཡོད་མདོག་མདོག་གིས་འུད་ཤོབ་རེ་བརྗོད་ནས་འདུག་པ་ནི་སྤྱི་ཕན་གྱི་བསམ་བློ་དང་ཀུན་སློང་དམན་དྲགས་པའི་དབང་གིས་ཡིན་པར་སེམས།
དེ་ལས་མང་བ་། “བོད་མི་རིགས་ཀྱི་རིག་གཞུང་དང་གོམས་སྲོལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི།” »
དེ་རིང་གི་བོད་ཀྱི་གནམ་སའི་བར་ན།
ཐེ་བོ་ཤེས་རབ་རྒྱ་མཚོ།
———-
ཁྱོད་ཀྱིས་མི་ཚོར་གནམ་ས་འདིའི་བར་ན་སེམས་སྐྱིད་དུས་གླུ་ལེན་མི་ཆོག་ས་ཞིག་དང་། ཞེ་སྡུག་དུས་ངུ་མི་ཆོག་ས་ཞིག་ཡོད་དམ་ཞེས་དྲིས་ན། མི་རྣམས་ཀྱིས་ཁྱོད་ལ་དེ་འདྲའི་མི་ཆོག་ས་ཞིག་ཡོད་མི་སྲིད་ཅེས་ལན་འདེབས་ངེས་ཡིན་ལ། ཡང་ཁྱོད་ཀྱིས་མི་རྣམས་ལ་སེམས་སྐྱིད་དུས་གླུ་ལེན་གར་རྩེད་བྱས་ན་བཙོན་དུ་འཇུག་ས་ཞིག་དང་། ཞེ་སྡུག་དུས་མྱ་ངན་ངུ་འབོད་བྱས་ན་ཁྲིམས་ཐག་གཅོད་ས་ཞིག་ཡོད་དམ་ཞེས་དྲིས་ཚེ། དེ་བས་མི་ཚོས་དེ་འདྲ་ཞིག་ད་སྔ་བྱུང་མྱོང་མེད་ལ། མ་འོངས་པ་ནའང་དེ་འདྲ་ཞིག་འབྱུང་མི་སྲིད་ཅེས་ཁ་མཚོན་བཅད་ནས་ཤོད་ངེས་ཡིན་པར་མ་ཟད། ལ་ལས་ཁྱོད་ཀྱི་གདོང་ལ་ལྟ་ཡག་བྱས་ནས་“ག་རེ། ཁྱོད་ཐིག་ཐོག་ནས་ཡར་སོང་བ་མིན་ནམ།”
ཞེས་ཁྱོད་ལ་འཕྱ་ལད་བརྒྱབ་ནས་ལྡོག་འདྲི་བྱེད་སྲིད།
བྲི་ཤ
གཅན་ བཟོད་པ།
__________
བྲི་ཤ་ཞེས་པ་ནི་བོད་ཀྱི་ནུབ་ཕྱོགས་མཐའ་མཚམས་ཀྱི་ཡུལ་ལུང་བྱེ་བྲག་པ་ཞིག་གི་མིང་རྙིང་ཡིན་ལ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ནས་བོད་དང་འབྲེལ་བ་བྱུང་ཞིང་མཐར་བོད་ཀྱི་མངའ་རིས་སྐོར་གསུམ་གྱི་གྲས་སུ་གྱུར། (སྐབས་དེར་སྟོད་དུ་མངའ་སྐོར་གསུམ་དང་བར་དུ་དབུས་གཙང་རུ་བཞི། སྨད་དུ་མདོ་ཁམས་སྒང་དྲུག་ཏུ་དབྱེས་ཏེ་དབང་བསྒྱུར་བྱས། “དེ་ཡང་སློབ་དཔོན་གྱིས་བོད་ཀྱི་ལྷ་ཀླུ་གཞི་བདག་རྣམས་གསོལ་མཆོད་མཛད་སྐབས། བརྒྱག་བརྔན་ལྷ་བསངས་ལས། སྟོད་ཀྱི་མངའ་རིས་སྐོར་གསུམ་དང་། བར་གྱི་དབུས་གཙང་རུ་བཞི་སྟེ། སྨད་ཀྱི་མདོ་ཁམས་སྒང་དྲུག་སོགས།’’”མངའ་རིས་སྐོར་གསུམ་གྱི་སྔོན་བྱུང་ལོ་རྒྱུས།”ཞེས་སྐབས་དེ་ནས་མངའ་རིས་སོ་སོར་དབྱེས་ཡོད་པ་དང་། ཕྱིས་ཀྱི་སྐོར་གསུམ་དབྱེས་སྟངས་དང་ཆེ་ཆེར་མི་འདྲ་སྟེ། བསྟན་པ་སྔ་དར་སྐབས་ཀྱི་མངའ་རིས་སྐོར་གསུམ་ནི། པུ་རངས། ཟངས་དཀར། མང་ཡུལ་(ལ་དྭགས)གསུམ་སྐོར་གཅིག ལི། བྲུ་ཤ། སྦལ་ཏེ་གསུམ་སྐོར་གཅིག ཞང་ཞུང་། ཁྲི་སྡེ་སྟོད། ཁྲི་སྡེ་སྨད་གསུམ་སྐོར་གཅིག་བཅས་ལ་བོད་ལྗོངས་སྟོད་ཀྱི་གླིང་དགུའམ་མངའ་རིས་སྐོར་གསུམ་ཡང་ཟེར། བསྟན་པ་ཕྱི་དར་སྐབས་ཀྱི་ནི་མངའ་རིས་གུ་གེ་ལ་སྐོར་གཅིག མར་ཡུལ་ལ་དྭགས་ལ་སྐོར་གཅིག ཟངས་དཀར་སྒོ་གསུམ་ལ་སྐོར་གཅིག་བཅས་སོ། །ཞིབ་ཏུ་ནི་མངའ་རིས་ལ་གཟིགས།)
གང་གཱ་ཐོག་མར་མཇལ་བ་།
ཟླ་བ་གཞོན་ནུ།
——–
དེ་རིང་གི་གནམ་ངོ་རུབ་འདུག་པ་ནི་མདང་དགོང་ཆས་ཟིན་པའི་ཁུ་བོ་(སྐུ་འབུམ་ནས རེད)དེར་མྱ་ངན་བྱེད་པ་བཞིན། ཨ་ནེ་དེའི་ང་ཚོའི་མི་རབས་རྒན་པ་རྣམས་འདི་ལྟར་མི་ཡུལ་ནས་དལ་ཅག་གེར་བཞུར་གྱིན་པའི་སྡུག་ཡུས་དང་འཁང་སེམས་འདྲེས་པའི་སྐད་ཆ་དེར་བསམ་བློ་འཁོར་གྱིན དྲོད་ཀྱིས་བཏང་བའི་ཕུང་བོ་དེ་བསྐྱེལ་ནས་གང་གཱའི་འགྲམ་དུ་སླེབས་དུས། ཉི་མ་ད་དུང་ཤར་མི་འདུག ངས་ཐེངས་དང་པོར་ཆུ་མོ་གང་གཱར་མཇལ་དུས་ནི་འདི་ལྟར་ཕུང་བོ་ཞིག་བསྐྱེལ་ནས་ཡོང་དགོས་པ་ཡིད་ལའང་མ་ཤར་མོད། གྲོགས་པོ་ཞིག་གིས་བཤད་པ་ལྟར་ན། འདི་རྟེན་འབྲེལ་ཡག་པོ་ཞིག་རེད་ཟེར།
གང་ལྟར། ངས་གང་གཱ་ཐོག་དང་པོར་མཇལ་དུས་ནི་འདི་འདྲའི་དམིགས་བསལ་ཞིག་ཡིན་དགོས་དོན་ཅི། ཨ། འདིས་ང་ལ་ཅི་ཞིག་གསལ་བཤད་བྱེད་ཀྱིན་མེད་དམ།
སྨྱུག་ཁྲིའི་སྟེང་ལྷོད་ཀྱི་ལེར་ཉལ་བའི་རྒྱ་གར་བ་དེ་དག བྲེལ་བ་ཅི་ཡང་མེད་ལ་ལས་ཀའང་དམིགས་བསལ་ཞིག་མེད་པ་འདྲ་མོད། མགོ་སེར་ཚོ་སྔ་མོ་ནས་གླ་གྲུར་བསྡད་དེ་ཅི་ཞིག་འཚོལ་ཕྱིར་སྙེག་ཅིང་མཆིས་པ་དེ་མཐོང་དུས། ང་ལ་འདི་ནི་ཅི་འདྲའི་གོ་ལྡོག་པའི་སྣང་ཚུལ་ཞིག་རེད་བསམ་པའི་འདུ་ཤེས་ཞིག་སྐྱེས་སུ་བཅུག་བྱུང་།
གྱེན་ལོག་གི་ལོ་ ༥༠ རྗེས་སུ་བོད་མིར་དྲག་གནོན།
དེ་རིང་ཡང་ནིའུ་ཡོག་དུས་བབ་གསར་ཤོག་ཐོག་ཏུ་གྱེན་ལོག་གི་ལོ་ལྔ་བཅུའི་རྗེས་སུ་བོད་མིར་དྲག་གནོན་ཞེས་པའི་གསར་འགྱུར་ཆེན་པོ་ཞིག་བཀོད་འདུག ལྷ་ས་དང་ལི་ཐང་ བླ་བྲང་། རེབ་གོང་བཅས་སུ་དྲག་གནོན་ཆེན་པོ་བྱེད་བཞིན་ཡོད་ཟེར། གནས་ཚུལ་ཞིབ་གསལ་གཤམ་གྱི་འབྲེལ་ཐག་ན་འདུག http://www.nytimes.com/2009/03/05/world/asia/05tibet.html?_r=1&hp
བཙན་བྱོལ་བོད་མིའི་ལོ་འཁོར་ལྔ་བཅུ་དྲན་གསོ།
བོད་དང་བོད་མིར་གཅེས་པའི་གཏམ་གླེང་བསམ་ཚུལ་ཟིན་བྲིས་དུམ་བུ།
བཙན་བྱོལ་བོད་མིའི་ལོ་འཁོར་ལྔ་བཅུ་དྲན་གསོ།
ཐེངས་འདིའི་གསར་བཅོས་༢༠༠༩་༣་༣་ཉིན།
དགེ་འདུན་མཐར་ཕྱིན།
————–
སྔོན་གླེང་།
དུས་རབས་འདིར་རང་ཉིད་བོད་མི་རིགས་ཤིག་ཏུ་སྐྱེས་པ་དང་བཙན་བྱོལ་སྤྱི་ཚོགས་ནང་ཚར་ལོང་བྱས་པའི་མྱོང་ཚོར་གྱི་ཆ་ནས་བོད་ཀྱི་སྤྱི་ཚོགས་ཀྱི་ཞབས་འདེགས་སུ་དམིགས་ཤིང་དུས་རབས་ཀྱི་ལས་འགན་དུ་རྩིས་ཏེ་བོད་ཀྱི་སྔར་གྱི་ལོ་རྒྱུས་དང་རང་ཉིད་གང་དུ་ཚར་ལོང་བྱས་བའི་སྤྱི་ཚོགས་ནང་གི་གནས་ཚུལ། བོད་དོན་དེ་མ་འོངས་པ་ཇི་འདྲ་ཞིག་ལ་དམིགས་དགོས་པ་བཅས་ཀྱི་སྐོར་བཅས་ལ་དཔྱད་པའི་གཏམ་གླེང་འདི་ནི་བོད་མི་རིགས་ཀྱི་འདས་པའི་ལེགས་བྱས་དང་ཉེས་བྱས། ད་ལྟའི་ཡོན་ཏན་དང་སྐྱོན། མ་འོངས་འབྱུང་འགྱུར་གྱི་ཉན་ཁ་དང་ལེགས་ཁ་བཅས་སྙིང་བཏུས་ཐོག་དེང་རབས་ཀྱི་སྤྱི་ཚོགས་ཆབ་སྲིད་རིག་པ་རྐྱང་པའི་ཐོག་ནས་བལྟས་པའི་དཔྱད་དོན་བསམ་ཚུལ་ཞིག་ཡིན།
མཐོ་སྒང་གི་ས་སྲོད་ན།
འགར་ཚེ་རྒྱལ།
——-
བསིལ་རླུང་འཇམ་པོ་ཡུན་ནས་ཡུན་དུ་ལྡང་།།
སྤང་ཁའི་རྩི་ཏོག་ལྡེམ་ནས་ལྡེམ་དུ་གཡོས།།
ཉི་ཟེར་ཨ་ཐང་ཆད་པའི་ས་སྲོད་ན།།
འཇིགས་རུང་ཇག་གི་སོ་བ་གང་སར་སྐུང་།།
རྒྱ་མི་ཀྲུའུ་རས་ནས་སྐྱབས་མགོན་ཏཱ་ལའི་བླ་མར་ཕུལ་བའི་འཕྲིན།
ཡེ་ཤེས་བསྟན་འཛིན་ནས་བསྒྱུར།
དགའ་ཞིང་གུས་པའི་ཏཱ་ལའི་བླ་མ་མཆོག་ལ།
ངས་གང་ཉིད་ལ་མ་ཞུས་རང་ཞུས་ཤིག་ལ། ངའི་ལོ་གཞོན་དུས་རིམ་གྱི་བག་ཆགས་ནང་དུ་ཁྱེད་ནི་མི་ལྤགས་བཤུ་ཞིང༌། མི་རུས་འཆའ་བའི་གདོན་འདྲེ་ཞིག་ཡིན་པར་བསམས་ཡོད།ལྟ་ཚུལ་འདི་ཁོ་ནས་གཅིག་བྱས་ན་ཁྱེད་ཀྱིས་ང་རང་རྒྱ་མི་ཞིག་ཡིན་པ་དཔོག་ཐུབ། རེད་དེ། ང་ནི་དམར་ཤོག་གི་སློབ་གསོའི་སྒྲིག་གཞིའི་ནང་འཚར་ལོངས་བྱུང་བ་ཞིག་ཡིན། ཕྱི་ལོ༡༩༩༧ལོར་སྟེས་དབང་ཞིག་གིས་ང་རང་བོད་ནང་དུ་རྐང་རྡོག་སྤོ་རྒྱུའི་གོ་སྐབས་ཤར་བྱུང༌། ལོ་དེར་ངས་གསང་སྟབས་ཀྱིས་གང་ཉིད་ཀྱི་སྐུ་པར་ཐོག་མར་མཇལ་བ་ཡིན་ལ་སྐུ་ཉིད་ཀྱི་བླ་རུ་འཕགས་པའི་མཉེས་གཤིན་གྱི་རྣམ་འགྱུར་དེས་ང་རང་དམར་ཤོག་གི་དྲིལ་སྒྲོག་ལ་ཡིད་གཉིས་སྐྱེ་རུ་བཅུག
ལོ་དེ་གའི་དཔལ་ལྷའི་དུས་མཆོད་ཉིན་མོར་ང་རང་སྔ་ས་ནས་གཙུག་ལག་ཁང་དུ་སླེབས་ཡོད་ལ། བཀྲ་ཤིས་དཔལ་ལྷ་མོའི་ཞལ་ཁེབས-ཀྱང་ཕྱེས་ཚར་འདུག་པས། ངས་གློག་སྒྲོན་གྱི་ངོགས་ནས་མགོ་བོ་བསྲིངས་ཏེ་དཔལ་ལྷ་མོའི་ཞལ་མཇལ་ཞུ་བའི་ཚེ་གློ་བུར་དུ་ངའི་རྒྱབ་ཕྱོགས་ནས་གླུ་སྒྲ་ཞིག་ཐོས་བྱུང༌། དེ་ནི་མི་རྒན་ཞིག་གི་ཡིད་སྐྱོ་དང་ཁྲོ་ཉམས་འདྲེས་པའི་གླུ་སྐད་ཅིག་རེད། ཁོང་གིས་སྲོང་བཙན་སྒམ་པོའི་འདྲ་སྐུའི་གམ་དེ་ནས་གླུ་ལེན་ཞོར་དང་ཆང་ཕུད་མཆོད་ཀོང་དུ་འབུལ་བཞིན་ཡོད་ལ་དེའི་ཕྱོགས་བཞི་ན་འཁོད་པའི་སྐྱེས་པ་དང༌། བུད་མེད། ཐ་ན་ཕྲུ་གུ་ཆུང་ཆུང་ཚོས་ཀྱང་མྱུར་སྟབས་ཀྱིས་མི་རྒན་ཁོང་དང་གླུ་ངག་འཐེན་བཞིན་ཡོད།
དེ་ལས་མང་བ་། “རྒྱ་མི་ཀྲུའུ་རས་ནས་སྐྱབས་མགོན་ཏཱ་ལའི་བླ་མར་ཕུལ་བའི་འཕྲིན།” »
པེ་ཅིང་ནས་སློབ་མ་ཞིག་གིས་སྐུ་སྒེར་ཡིག་ཚང་ལ་དྲི་བ་བཏོན་པ།
༄༄།། བཀུར་འོས་རྒྱལ་དབང་ཡིད་བཞིན་ནོར་བུའི་༧སྐུ་སྒེར་ཡིག་ཚང་གི་དབུ་ཁྲིད་མཆོག་གི་ཞབས་དྲུང་དུ།
དེ་གའི་ལས་ཁུངས་ནས་ཏྭ་ལའི་བླ་མའི་དྲ་ཚིགས་ཏེ། www.dalailama.com ཞེས་པ་ཞིག་བཏོན་གནང་བ་དེས་ཕྱི་ནང་གི་མི་ཚང་མར་༧རྒྱལ་དབང་སྐུ་འཕྲེང་བཅུ་བཞི་པ་ཆེན་པོའི་མཛད་པ་རྣམས་སྟབས་བདེ་པོས་ཤེས་ཐུབ་པར་ཕན་པ་ཆེན་པོ་འདུག་པས་ཐུགས་རྗེ་ཆེ།
ལྷག་པར་དུ་དྲ་ཚིགས་དེ་རྒྱ་ཡིག་དང་དབྱིན་ཡིག་ཐོག་བཏོན་ཐུབ་པ་དེས་རྒྱ་མི་རིགས་དང་དབྱིན་ཇིའི་སྐད་ཡིག་ཤེས་མཁན་གྱི་འཛམ་གླིང་གི་མི་རྣམས་ལ་རྒྱལ་དབང་ཡིད་བཞིན་ནོར་བུའི་གནས་ཚུལ་རྣམས་དུས་ཐོག་ལ་ཤེས་ཐུབ་པ་དེས་ངེད་ལ་དེ་བས་དགའ་སྤྲོ་འཕེལ་བཞིན་སྣང་།
དེ་ལས་མང་བ་། “པེ་ཅིང་ནས་སློབ་མ་ཞིག་གིས་སྐུ་སྒེར་ཡིག་ཚང་ལ་དྲི་བ་བཏོན་པ།” »