རྫ་ཆུ་ཁ་པ་ཚེ་རིང་བཀྲ་ཤིས།
————
ཀཱ་མ་ལ་ཡི་མེ་ཏོག་ཅི་བཞིན་ཤེས་རིག་ཁ་དོག་སྡུག་གུར་བཀྲ། །
ཁ་བ་ཅན་གྱི་རུས་ལ་བརྩེ་བའི་ལ་རྒྱའི་དྲི་བསུང་ང་ཁྱོད་མེད། །
ག་ནས་བསམས་ཀྱང་ཐོད་དུ་བཀུར་འོས་ན་གཞོན་མཁས་པའི་སྨྲ་བའི་སྟེགས། །
ང་དང་ཁྱོད་ལ་མ་བགོས་ཐུན་མོང་འོན་ཀྱང་བརྩོན་པའི་ལྕག་ལ་རག །
ཅ་ཅོ་ཐ་སྙད་ཚིག་གི་རྣམ་གྲངས་མ་བཅོས་རྒྱུ་ཆ་ལྟ་བུ་ལ། །
ཆ་ལུགས་སྡེབ་སྦྱོར་རིགས་པའི་བཟོ་བོས་སྙན་འཇེབས་ངག་གི་ལས་སྣོན་གྱིས། །
ཇ་ཆང་ཅི་བཞིན་རང་མཆོག་བྲོ་ལྡན་སྙན་ངག་ཅེས་བྱར་བཅོས་པ་ན། །
ཉ་རྒྱས་ཟླ་བ་མཁའ་ལ་འཕགས་བཞིན་མཁས་པའི་མདུན་སར་གསལ་བར་སྣང༌། །


ལོ་འདི་གར་ང་ཚོའི་མིག་གི་ཡུལ་དང་རྣ་བའི་བཅུད་དུ་གྱུར་དང་འགྱུར་བཞིན་པའི་མདོ་སྨད་ཡུལ་གྱི་གླུ་མ་རིག་འཛིན་སྒྲོལ་མར་མཚོན་ན། མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་དང་བརྙན་འཕྲིན་ཁང་གི་གླུ་གར་སྤྲོ་ཚོགས་མང་དག་ཅིག་དང་ལྷན་དུ་ང་ཚོའི་སེམས་ངོགས་སུ་སླེབས་ཤིང་། ཁོ་མོའི་སྙན་འཇེབས་ཀྱི་ངག་གི་འགྱུར་ཁུགས་རེ་རེ་ང་ཚོའི་སེམས་ཀྱི་གཏིང་རིམ་དང་དུང་བ་ཟབ་སར་འཛུལ་འོང་།