རྒྱལ་ནང་དུ་ཡོད་པའི་ཀྲུངགོའི་སྤྱི་དམངས་ཞིག་གིས།
ནགས་ཤོད་ཡེ་ཤེས་བསྟན་འཛིན་གྱིས་བསྒྱུར།
རྒྱ་ཆེ་བའི་ཕྱིར་སྐྱོད་རྒྱལ་གཅེས་ཀྱི་སྤུན་ཟླའི་སློབ་གྲོགས་ཚོ། ཁམས་བཟང༌། ང་ནི་རྒྱལ་ནང་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཞིག་ཡིན། མ་གཞི་ཁྱོདཚོའི་ལུས་པོ་ཕྱི་རྒྱལ་དུ་ཡོད་མོད། དུས་དང་རྣམ་པ་ཀུན་ཏུ་མེས་རྒྱལ་སེམས་ལ་བཅངས་ཤིང་དོ་ཁུར་བགྱི་བཞིན་ཡོད་པ་ངས་ཤེས་ཀྱི་ཡོད། ཨོ་རྩེད་ཀྱི་དཔལ་འབར་བརྒྱུད་སྤྲོད་ཕྱི་རྒྱལ་ནས་མཇུག་བསྒྲིལ་ལ་ཉེ་བའི་གོ་རིམ་ཁྲོད་དུ་ཁྱོད་ཚོས་དེར་ཁྲོམ་སྐོར་སོགས་ཀྱི་རྣམ་པའི་ཐོག་ནས་མེས་རྒྱལ་ལ་རྒྱབ་སྐྱོར་མཚོན་པ་བྱས་ཡོད།
ངས་ཁྱོད་ཚོར་ཡི་རངས་བྱེད་ཀྱིན་ཡོད། ཅི་ཞིག་གི་ཕྱིར་དུ་ཞེ་ན། ནུབ་སྡོད་པ་ཚོས་ཀྲུང་གོར་སྐྱོན་བརྗོད་བྱེད་པའི་སྐབས་སུ་ཁྱོད་ཚོ་མདུན་དུ་བཅར་ཏེ་ཀྲུང་གོར་རྒྱབ་སྐྱོར་དང་མཚང་འབྱིན་བྱེད་མཁན་ཚོར་ངོ་རྒོལ་བྱ་ཕོད་ཀྱི་ཡོད། ཡིན་ནའང་ནུབ་ཕྱོགས་པ་ཚོའི་སྐྱོན་བརྗོད་དེས་ཀྱང་ཀྲུང་གོའི་ཡར་རྒྱས་ལ་སྐུལ་འདེད་བྱེད་པའི་ཆ་རྐྱེན་ཞིག་ཏུ་སོང་བ་བསམས་མྱོང་ངམ། གལ་ཏེ། ནུབ་ཕྱོགས་པ་ཚོའི་སྐྱོན་བརྗོད་མེད་ཚེ་ཀྲུང་གོ་ད་དུང་ཡང་མི་ལོ་སུམ་ཅུའི་ཡར་སྔོན་གྱི་གནས་སྟངས་དེར་རང་སོར་ལུས་ཡོད།
ང་ཁྱོད་ཚོར་སྨོན་པ་འཆོར་གྱིན་ཡོད། གང་ལགས་ཤེ་ན། ཁྱོད་ཚོ་ཉེན་རྟོག་པའི་སྲུང་སྐྱོབ་འོག་ནས་སོ་སོས་འཛིན་པའི་ལྟ་ཚུལ་ཚད་མར་སོང་མིན་ལ་ལྟོས་པ་མེད་པར་ཡོངས་བསྒྲགས་ངང་སྦྱར་ཡིག་དང་དར་ཆ་བསྒྲེངས་ནས་ཁྱོད་ཚོའི་ཆབ་སྲིད་ཀྱི་ལྟ་ཚུལ་གསལ་སྟོན་བྱེད་ཀྱི་ཡོད། ཡིན་ནའང༌། ང་ཚུད་པའི་ཀྲུང་གོའི་ས་ཁོངས་ན་ཡོད་པའི་མི་འདི་ཚོ། གལ་ཏེ་ཁྱོད་ཚོ་ལྟར་དུ་སྦྱར་ཡིག་དང་དར་ཆ་བསྒྲེངས་ནས་གཞུང་ལམ་དུ་སོང་ཚེ་ཉེན་རྟོག་པའི་ལྟ་སྐྱོང་མེད་པ་ལྟ་ཅི། ད་དུང་བཙོན་འཇུག་གི་ཉེས་དམིགས་ལས་ཐར་དཀའ་བའི་ཚོད་རེད། ཐ་ན། ངས་དྲྭ་ལམ་ནས་རྩོམ་ཡིག་འདི་འདྲ་ཞིག་འདོན་སྤེལ་བྱས་མོད། ཡིན་ནའང༌། རང་སོ་སོའི་བདེ་འཇགས་ཀྱི་ཆེད་དུ་སེམས་ངལ་བྱ་དགོས་ཀྱི་ཡོད།
