པདྨ་བཟང་པོ་ནས་བྲིས།
མདོ་སྨད་ལོ་རྒྱུས་ཆེན་མོའི་གླེགས་བམ་དང་པོ་ལོ་རྒྱུས་སྤྱིའི་གཞུངས་ཤིང་གི་ཤོག་གྲངས་ ༤༦༨ ནས་རྗེ་ཙོང་ཁ་པས་རིག་གཞུང་གསར་བརྗེ་དང་བོད། ཅེས་པ་ཞིག་བཤད་ཡོད་པའི་སྐབས་འདིར་དཔྱད་གཞི་ཤིན་ཏུ་ཆེ་ཞིང༌། ལོ་རྒྱུས་སྤྱིའི་གཞུང་ཤིང་འདིའི་ཤོགས་གྲངས་ ༤༧༣ པ་ལས། བོད་སྔ་རབས་པ་དག་གིས་མདོ་སྔགས་ཟུང་འབྲེལ་བྱར་མེད་པར་འདོད་པ་ལ། ཕྱི་རུ་ཉན་ཐོས་སྤྱོད་བསྐྱངས་ཤིང༌། །ནང་དུ་འདུས་པ་ལ་རབ་དགའ། གསུངས་པ་ལྟར་ཕྱི་འདུལ་བའི་ཀུན་སྤྱོད་གཙང་མར་གནས་བཞིན་དུ་ནང་བདེ་སྟོང་ཡེ་ཤེས་ལ་རོལ་ནུས་པའི་ལམ་སྲོལ་བླ་ན་མེད་པ་གངས་རིའི་ཁྲོད་འདིར་གསར་བཏོད་གནང་བ་ཡིན་ལ། ཞེས་པའི་ཚིག་འདི་ལ་ལྟོས་དང་རྒྱུ་མཚན་མེད་པར་བོད་སྔ་རབས་པ་དག་ལ་སྐུར་འདེབས་མི་བཟད་པ་འདི་ལྟ་བུ་ཁྱོད་ལ་ལོག་པའི་བཤེས་གཉེན་སུ་ཞིག་གིས་བསླབ་པ་རེད། བོད་ཁ་བ་གངས་ཅན་གྱི་ལྗོངས་འདིར་མཁན་སློབ་ཆོས་གསུམ་གྱི་སྐུས་དུས་ནས་བཟུང་ཆོས་ལུགས་རིས་མེད་ཀྱི་མཁས་གྲུབ་རྣམས་མདོ་སྔགས་ཟུང་འབྲེལ་དུ་ཉམས་བཞེས་གནང་མཁན་ཤ་སྟག་མ་གཏོགས་གཅིག་ཀྱང་མེད་ཅེས་བརྗོད་ཀྱང་ལུང་རིག་གིས་སྒྲུབ་པར་བྱེད་ནུས་ལ། དཔེར་ན་གངས་ཅན་བསྟན་པའི་ཉི་མ་མཁན་ཆེན་ཞི་འཚོའི་ཞལ་ནས། སོ་སོར་ཐར་བའི་མདོ་འདི་ནི། །སྟོན་པ་མྱ་ངན་འདས་འོག་ཏུ། །དགེ་འདུན་རྣམས་ཀྱི་སྟོན་པར་གསུངས། །འདི་ལ་ཤིན་ཏུ་གུས་པར་གྱིས། །ཞེས་དང༌། བདག་གིས་བསླབ་པ་དེ་བཞིན་དུ། །ཕྱི་ལྟར་འདུལ་ཁྲིམས་མ་ཉམས་ཤིང༌། །ནང་ལྟར་བྱང་ཆུབ་སེམས་སྦྱང་བ། ། གསང་བ་སྔགས་ཀྱི་རིམ་གཉིས་སྒོམས། །ཞེས་དང༌། སྟོན་པའི་བསྟན་པ་རིན་ཆེན་འདི། །གངས་ཅན་ལྗོངས་སུ་ངས་གསལ་བྱས། །བདག་གི་རྗེས་སུ་ཞུགས་ནས་ཀྱང༌། །སྟོན་པའི་བསྟན་པ་མཆོག་ཏུ་ཟུངས། །ཞེས་དང༌། དེ་བཞིན་ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཞལ་ནས ཕྱི་ལྟར་ལག་ལེན་མདོ་སྡེའི་ལུགས་སུ་སྤྱད།།རྒྱུ་འབྲས་སྤང་བླང་ཞིབ་པའི་དགོས་པ་ཡོད། །ནང་ལྟར་གསང་སྔགས་ཐུན་མོང་ལུགས་སུ་སྤྱད། ། བསྐྱེད་རྫོགས་དོན་དང་འབྲེལ་བའི་དགོས་པ་ཡོད། །གསང་བར་གསང་ཆེན་ཨ་ཏིའི་ལུགས་སུ་སྤྱད། །ཚེ་གཅིག་འོད་སྐུར་གྲོལ་བའི་དགོས་པ་ཡོད། །ཅེས་དང༌། ཕྱི་ངུར་སྨྲིག་དགེ་སློང་གི་ཆ་ལུགས་འཛིན། །ནང་གསང་སྔགས་བླ་མེད་ཀྱི་རྣལ་འབྱོར་པ། །ཞེས་སོགས་གསུངས་པས་མཚོན་བོད་སྔ་རབས་པའི་མཁས་གྲུབ་རྣམས་ཀྱི་གསུང་མང་དུ་དྲངས་རྒྱུ་ཡོད་ཀྱང་འདིར་མི་སྤྲོ་ལ།
ཞབས་རྗེས་ལགས།རུས་པ་ཅན་གྱི་སེམས་ཁོང་ནས་ནམ་ཡང་རྒྱལ་མི་སྲིད་པ་བྱི་ལའི་རྗུན་ཚིག་ཡིན་ལ་།ནམཡང་ཕམ་མི་སྲིད་པ་བདེན་པའི་རང་སྒྲ་ལགས།རུས་པ་ཅན་གྱི་མིག་དབང་གིས་དྲངས་འོངས་པ་གང་ཞིག་མི་སེར་དཀྱུས་མའི་མིག་ཆུ་རྡོག་གཅིག་ཡིན་ལ།བསུས་འོངས་པ་གང་ཞིག་གསུབ་དཀའ་བའི་རྨ་ཁ་དང་དྲན་ཤིང་ལགས།རུས་པ་ཅན་གྱི་སྨྲ་སྒོ་ནས་ང་རྒྱལ་གྱིས་སྨྲ་འདོད་པ་གང་ཞིག་རིགས་རྒྱུད་གཅིག་གི་བདེ་སྡུག་དང་ཁེ་དབང་ཡིན་ལ།སྤོབས་སེམས་ཀྱིས་བརྗོད་འདོད་པ་གང་ཞིག་གདུང་རྒྱུད་གཅིག་གི་རེ་དོགས་དང་སྙན་གྲགས་ལགས།རུས་པ་ཅན་གྱི་སྨྱུག་འོག་ནས་ཆུ་མིག་བཞིན་བརྡོལ་བྱུང་བ་རིགས་རུས་གཙང་མའི་འགོ་ཁུངས་དབོར་མི་ཉན་པའི་བདེན་ལུགས་དེ་ཡིན་ལ།འོད་ཐིག་བཞིན་ཕོག་ཡོང་བ་དེ་རིང་གི་གསར་འགྱུར་ནི་བདེན་པའི་བླ་སྲོག་བོར་བའི་རལ་གྲི་ངོ་གཉིས་ཤིག་ཡིན་ན་སང་ཉིན་གྱི་ལོ་རྒྱུས་ནི་ཕྱི་སྲོག་ནང་སྲོག་ཆད་པའི་བཤན་པའི་བེམ་རོ་ཞིག་ཏུ་མི་འགྱུར་གྲང་སྙམ་པའི་སེམས་ཁྲལ་དང་དེ་དག་ལས་ཐོབ་པའི་བསླབ་བྱ་དང་སྐུལ་ལྕག་ལགས།


