སྒང་ནེ་ཡེ་ཤེས་འཇིགས་མེད།
གཅིག ཐོག་མའི་གླེང་སློང༌།
དེ་ཡང་ཡངས་ཤིང་རྒྱ་ཆེ་ལ་མུ་མཐའ་མེད་པའི་ཤར་གླིང་ཨེ་ཤཡའི་གཙུག་རྒྱན། སྙན་གྲགས་ཀྱི་མེ་ལྕེ་སུམ་རྩེན་གྱི་ཡུལ་དུའང་མཆེད་ཅིང༌། ངོ་མཚར་བའི་གངས་རིའི་མུ་མཁྱུད་ཀྱིས་ཡོངས་སུ་སྐོར་བའི་བསིལ་ལྡན་གངས་ཅན་གྱི་བོད་ཅེས་བྱ་བ་འདི་ནི་མི་ལོ་ཆིག་སྟོང་ལྷག་གི་ཡ་སྔོན་ནས་དགྲ་འདུལ་ཞིང་གཉེན་སྐྱོང་བའི་ཆབ་སྲིད་ཀྱི་བྱ་གཞག་དང༌། ཁྱིམ་མཚེས་མི་རིགས་གཞན་གྱི་རིག་གཞུང་གི་ལེགས་ཆ་གང་ཡོད་འཛེམས་ཟོན་མེད་པར་དགོས་མཁོ་ལ་གཞིགས་ནས། ནང་འདྲེན་བྱ་རྒྱུའི་གཞི་རིམ་གྱི་གཤིས་ཀ་ཡོད་པའི་མི་རིགས་ཤིག་ཡིན་སྟབས། ད་ཆ་འཛམ་གླིང་ཁྱོན་ཡོངས་ཀྱི་ཆ་ནས་བཤད་ན་བོད་མིའི་མི་འབོར་གྱི་གྲངས་ཚད་དང༌། བཀའ་བསྟན་གྱི་འགྱུར་གྲངས་སོགས་གང་གི་ཐད་ནས་ཀྱང༌། འདི་ལྟར་ལེགས་བྱང་ཕྱུག་པོ་ཡོད་པ་ནི་ཕལ་ཆེར་དཀོན་པོ་ཡིན། སྤྱིར་བཏང་འགྲོ་བ་མིའི་གཞི་རིམ་གྱི་དགོས་མཁོར་འགྱུར་པའི་རིག་པའི་གཞུང་ལུགས་ཐམས་ཅད་འཇིག་རྟེན་མི་སྡེ་སྤྱི་ཡོངས་ཀྱིས་ལོངས་སུ་སྤྱོད་པའི་ཐུན་མོང་གི་རིག་གནས་ཤིག་ཡིན་ཀྱང༌། དེ་དག་ཡུལ་ལུང་སོ་སོའི་གནས་བབ་ལ་གཞིགས་ནས་བཀོལ་སྤྱོད་བྱེད་ཚུལ་ཅུང་ཟད་མི་འདྲ་བ་སྣང་བ་ཙམ་ལས། གཞི་རྩའི་ཆ་ནས་འཚོ་བའི་དགོས་མཁོར་གྱུར་པ་གཅིག་པ་ཡིན། བོད་སྐད་དུ་བཞུགས་པའི་ནང་པ་སངས་རྒྱས་པའི་བཀའ་དང༌། བསྟན་བཅོས་ཀྱིས་མཚོན་རིག་པའི་གཞུང་ལུགས་མང་ཆེ་བ་ལེགས་སྦྱར་གྱི་སྐད་ལས་བསྒྱུར་བ་ཡིན་ཅིང༌། དེ་ཡང་བོད་རྗེ་སྲོང་བཙན་སྒམ་པོའི་ཆོས་བློན་སློབ་དཔོན་ཐུ་མི་སམ་བྷོ་ཊ་རྒྱ་གར་དུ་ཡི་གེ་སློབ་པར་གཏོང་སྐབས། རྒྱ་གར་ནི་ཆོས་ལུགས་དང༌། སྐད་ཡིག རིག་པའི་རྣམ་གཞག་བཅས་མི་འདྲ་དུ་མ་ཡོད་པའི་རིག་གཞུང་གི་རྒྱ་མཚོ་ཆེན་པོ་ཞིག་ཡིན་ཀྱང༌། ཐོན་མིས་རྒྱ་མཚོ་ལས་ནོར་བུ་བླངས་པ་བཞིན་བོད་ཀྱི་ཡི་གེའི་མ་ཕྱི་གཙོ་བོ་ནཱགརའི་ཡི་གེ་འབའ་ཞིག་ལ་ཁུངས་གཏུགས་གཞི་བཅོལ་གནང་བ་མ་ཟད། དགོས་དབང་གིས་འཕྲི་སྣོན་སོགས་མཛད་དེ། སྒྲའི་རྣམ་གཞག་སྟོན་པའི་གཞུང་ལུགས་དང་བཅས་པ་གསར་དུ་མཛད་ནས་གཏན་ལ་ཕབ་པ་དེ་ནི། བོད་ཀྱི་ཆོས་ཆབ་རིག་ནོར་དང་བཅས་པའི་རིག་གནས་ཀྱི་སྒོ་མོ་ཡོངས་སུ་ཕྱེ་བའི་གསེར་གྱི་ལྡེའུ་མིག་ལྷད་མེད་པ་ཞིག་རེད། ད་ཆ་འཛམ་གླིང་ཐོག་གི་བློ་དང་ལྡན་པའི་སྐྱེ་བོ་རྣམས་ཀྱིས་སྐོམ་པས་ཆུ་དང༌། ལྟོགས་པས་ཟས་བཞིན་དོན་གཉེར་བྱེད་བཞིན་པའི་ནང་པ་སངས་རྒྱས་པའི་ཆོས་ལུགས་འདིའི་ཐེག་པ་གསུམ་དང༌། རྒྱུད་སྡེ་བཞིས་བསྡུས་པའི་གཞི་ལམ་འབྲས་བུའི་རྣམ་གཞག་ཆ་ཚང་ལ་ཕྱིན་ཅི་མ་ལོག་པར་སྟོན་ཐུབ་པའི་རང་རེའི་བོད་ཀྱི་དབྱངས་གསལ་སོ་བཞིའི་བདག་ཉིད་དུ་གྱུར་པའི་སྐད་ཡིག་འདི་ཉིད་ལ་གནས་པ་དེ་ནི། སྔོན་གྱི་ཆོས་རྒྱལ་ལོ་པཎ་དག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས། སྟོན་པ་ཐུབ་པའི་དབང་པོའི་ཆོས་ཀྱི་ཕུང་པོ་བརྒྱ་ཁྲི་བཞི་སྟོང་གི་ཚིག་དོན་ཟུར་ཙམ་ཡང་མ་ཉམས་པར། རང་རེའི་སྐད་ཡིག་འདིའི་ནང་དུ་འཚོ་སྐྱོང་བྱེད་ཐུབ་པ་བྱུང་བ་ནི། བོད་མིས་ཁམས་གསུམ་འགྲོ་བ་ཡོངས་ལ་ཕུལ་བའི་རྣམ་དཀར་གྱི་ལེགས་སྐྱེས་རྨད་དུ་བྱུང་བ་ཞིག་ཡིན།
དེ་ལས་མང་བ་། “བོད་ཀྱི་སྔོན་མའི་འགྱུར་ལ་དབྱེ་ཞིབ་བྱས་ཏེ་མ་འོངས་པའི་འགྱུར་གྱི་ཁ་ཕྱོགས་འཚོལ་སྒྲུབ།” »

