ཆོས་རྫོང་བསྟན་པ།
ཉེ་ཆར་བོད་ཀྱི་སྐུ་ཚབ་ཚོགས་པ་སླར་ཡང་པེ་ཅིང་དུ་བོད་རྒྱའི་གྲོས་མོལ་ཆེད་བསྐྱོད་དེ་ཕྱིར་རྒྱ་གར་ལྡི་ལིར་འབྱོར་སྐབས། འཐབ་ཕྱོགས་གཅིག་གྱུར་ཁང་གིས་བསྡུས་པའི་གསར་འགོད་ལྷན་ཚོགས་སྟེང་བོད་རྒྱའི་གནད་དོན་དང་མི་འཚམ་པའི་ཁ་བྲལ་གྱི་གདོང་རིས་བསྐྱར་སྟོན་བྱེད་མགོ་བརྩམས། ཁོང་ཚོས་བོད་རིགས་རྒྱ་ཆེའི་མི་མང་གིས་ཡུན་རིང་རེ་སྒུག་བྱས་པའི་བསམ་འདུན་ལ་རྡོག་བརྫིས་དང༌། རྒྱལ་སྤྱིའི་མི་མང་ལ་མགོ་སྐོར་དང་དམར་ཕྱོགས་སྲིད་གཞུང་གི་རྫིག་ཉམས་ངོམ་རྒྱུའི་འཁྲབ་སྟོན་སྐྱུག་བྲོ་བོ་ཞིག་བྱས་པ་ཙམ་ལས། གྲོས་མོལ་གྱི་ལམ་བུའི་ཐོག་བསྐྱོད་པའི་ལྷག་བསམ་མེད་པ་གསལ་བོར་བསྟན།
ང་ཚོས་མཐོང་ཐུབ་པ་ནི་དོན་དམ་གྱིས་རྒྱ་ནག་གི་དབུ་ཁྲིད་ཚོའི་སྐད་ཆར་ཡིད་རྟོན་དང་ཆ་འཇོག་བྱ་ས་མི་འགྲོ་བ་དེ་རེད། མི་རིགས་ས་གནས་རང་སྐྱོང༌། འཆམ་མཐུན་སྤྱི་ཚོགས། མི་རིགས་མཐུན་སྒྲིལ། མི་རིགས་འདྲ་མཉམ། ཆོས་ལུགས་དད་མོས་རང་དབང༌། འཇའ་ཚོན་གྱི་སྤྲོས་པ་ལྟ་བུའི་སྐད་ཆ་སྙན་མོ་འདི་ཚོ་དྲིལ་བསྒྲགས་བྱས་ནས་ལོ་ངོ་དྲུག་ཅུའི་རིང་དམར་གསོད་དང༌། བཙོན་འཇུག གཅར་རྡུང་གི་གཉའ་མནོན་འོག་ཡོད་པའྀ་བོད་དང༌། ཤར་ཊིར་ཀི་སི་ཐན་གཉིས་ལ་རྒྱལ་སྤྱིའི་མི་མང་གིས་གདུང་སེམས་མཉམ་བསྐྱེད་བྱ་དགོས་པའི་གནས་སུ་གྱུར་ཡོད།
