(མིང་དངོས་ཡིན་མིན་མི་ཤེས་པའི་གཡང་ལགས་ཞེས་པ་ཞིག་ལ་ལན་དུ་སྨྲས་པ་ཡིན།)
ཡུན་རིང་ལ་བཟོད་སྒོམ་ཡོད་མདོག་དང་ཡུན་རིང་ལ་སྣང་མེད་ཨུ་ཚུགས་ཀྱིས་རང་གི་ལམ་སྣ་ནས་རང་གིས་རང་ལ་བློ་སྤོབས་སྦྱིན་ཞོར་ལོ་ངོ་གང་མང་ཞིག་བུད་སོང༌། ལོ་ངོ་གང་མང་གི་རིང་ལ་དུས་ཚིགས་རེ་རེ་ལ་རང་གི་རྩོམ་ཡིག་ལེགས་ཉེས་དང་ཡག་བཙོག་གང་འདྲ་ཞིག་སྤེལ་ཡང་ཀློག་པ་པོ་ཚོ་དང་དགའ་སྡུག་ཡག་བཙོག་གི་འབྲེལ་ལམ་རྒྱུད་དེ་ཡོང་བ་ནི་ནམ་ཡང་ཕྱིར་དྲན་བྱ་འོས་པ་ཞིག་ཏུ་འདོད་ཀྱིན་ཡོད། སྤྱི་ལོ་༢༠༠༤ ལོ་ནས་ཀློག་ཀླད་ཟེར་བའི་འཇིག་རྟེན་གཞན་ཞིག་གི་ཁྲོད་ནས་མི་ཚང་མའི་རྣམ་ཤེས་དང་བླ་སྲོག་མཉམ་དུ་འཚོ་ཐུབ་པའི་འཚོ་བ་འདི་ཐོག་མར་མཐོང་བ་ཡིན། སྤྱི་ལོ་༢༠༠༤ལོ་ནས་གཞི་ནས་ངས་རང་གི་རྣམ་ཤེས་དང་བླ་སྲོག་འཁོར་ས་ཀློག་ཀླད་དང་དྲ་རྒྱའི་ནང་གི་བདག་གི་ཀློག་པ་པོ་ཚོ་ཡིན། བོད་ཕྱི་ནང་གི་ཀློག་པ་པོ་མང་པོ་ཞིག་གིས་ངའི་འཚོ་བ་དང་ལང་ཚོ། བསམ་བློ་དང་རྩོམ་གཤིས་སོགས་ལ་སྐད་ཆ་བདེན་རྫུན་གང་བཤད་ཀྱང་ངས་ཁོང་ཚོས་གང་བརྗོད་པ་ཡོད་ཚད་སེམས་དང་བསམ་པར་ཉར་ནས་མིག་དང་མཆི་མར་བཅོལ་ནས་ཡོང༌། ང་རང་ཕམ་ཉེས་ཀྱི་བར་ནས་འཇིག་རྟེན་ལ་མུ་མཐུད་ནས་གདོང་གཏད་མི་ཕོད་དུས་ཀྱང་བདག་གི་ཀློག་པ་པོ་ཚོའི་དྲོད་ཁོལ་གྱིས་ཟིན་པའི་འཕྲིན་པ་དང་ཚིག་འབྲུ་རེ་རེ་ཡིས་ང་རང་བསྐྱར་དུ་གསོས་ནས་ཡོང་ལ། ང་རང་རྒྱལ་ཁ་དང་སྤྲོ་སྐྱིད་བར་དུ་ཡོད་དུས་ཀྱང་ཀློག་པ་པོ་ཚོའི་བདེ་སྡུག་དང་སེམས་ཚོར་ལ་ཉན་ནས་ཡོང༌།




