སྒོམ་སྡེ་ལྷ་རམས་པ།
འདི་ལ་སྨྱུང་གནས་དང་བསྙུང་གནས་ཞེས་འབྲི་ཚུལ་གཉིས་ཏེ། དོན་ནི་ལྟོགས་སྐོམ་དུ་གནས་ནས་ཆོས་ཀྱི་དཀའ་ཐུབ་བྱེད་པ་ལ་ཟེར།
སྤྱིར་བཏང་ལྟོགས་སྐོམ་དུ་གནས་པ་ཙམ་གྱི་དོན་ལའང་འཇུག སྒྲ་བཤད་ནི། བསྙུང་གནས་ཞེས་པའི་བསྙུང་ནི་ཉུང་དུ་གཏོང་བའམ་ཉུང་བར་བྱེད་པའི་དོན་ཡིན་པས།
ཁ་ཟས་ཉུང་དུ་བཏང་ནས་ཆོས་ཀྱི་ཆེད་དུ་དཀའ་ཐུབ་ལ་གནས་པས་ན་བསྙུང་གནས་ཞེས་བྱའོ། །“ཉ”དང་“མྱ”གཉིས་སྒྲ་གདངས་མཚུངས་པས་སྔོན་གྱི་འབྲི་སྲོལ་ལ་དེ་གཉིས་གདམ་ཀའི་ཚུལ་དུ་འབྲི་བ་ཡོད་དེ། དཔེར་ན། གཉེན་བྱེད་པ་ལ་སྨྱན་བྱེད་པ་དང་། བསྙུང་གནས་ལ་སྨྱུང་གནས། གཉིད་ལམ་ལ་རྨྱིད་ལམ་མམ་རྨྱི་ལམ། ཨ་ཉོག་ལ་ཨ་མྱོག མགོ་ཉང་ཉང་ལ་མགོ་མྱང་མྱང་དང་། བྱ་བརྙངས་ལ་བྱ་རྨྱང་། གཞན་ཡང་“པྱ”དང་“ཅ”གཉིས་སྒྲ་གདངས་མཚུངས་པས་རེས་མོས་ཀྱིས་འབྲི་བའང་ཡོད་དེ། བཅའ་ཁྲལ་ལ་དཔྱ་ཁྲལ་དང་། བཅད་ཤེས་ལ་དཔྱད་ཤེས་ཞེས་འབྲི་བ་ལྟ་བུས་མཚོན་ནོ།
