ནགས་ཤོད་རིག་རལ།
སྐྱིད་ཆུའི་འགྲམ་གྱི་ཁང་ཆེན་དེའི་གྱང་ཟུར་ཞིག་ཏུ་རྡོ་རྗེ་གཉིད་ལ་ཤོར་འདུག ལག་གཡས་པའི་ཟུར་གྱི་ས་ཐོག་ན་ཁོ་ཁི་ཁོ་ལེ་འགྱིག་དམ་རྙིང་པ་ཞིག་གི་མཐིལ་དུ་ཆང་སྙིགས་ཅུང་ཟད་ཞིག་ལྷག་ཡོད་པ་མ་ཟད། རྩབ་ཧྲལ་དུ་གྱུར་པའི་ནུབ་ལྭ་སྐྱ་བོ་དེའི་ཁུག་མའི་ཟུར་ནས་དངུལ་སིལ་མ་མང་པོ་ཞིག་ཕྱི་ལ་ཐོན་པར་བལྟས་ན་ཁ་ས་བར་སྐོར་ནང་ནས་སློང་ཡག་པོ་བྱུང་བ་འདྲ། གདོང་ནི་མ་བཀྲུས་པར་དྲེག་པ་ནག་ཆིལ་ལེར་ཡོད་མོད། དཔྲལ་བ་དང་སྣ་མགོ་དག་ནས་སྣུམ་ཚིལ་ཚིལ་བྱེད་པ་དེ་ཉི་གཞོན་ཤར་རིའི་རྩེ་ནས་འཕྲོས་མ་ཐག་པ་དེའི་དྲིན་ཡང་ཡིན་སྲིད། ཁོའི་ལུས་པོའི་འོག་ཏུ་སྟན་ཤོག་བུའི་སྲབ་མཐུག་ཙམ་ཞིག་ཀྱང་མི་འདུག གྲོག་མ་འགའ་ཞིག་བྲེལ་བྲེལ་འཚུབ་འཚུབ་ངང་ཁོའི་ལུས་པོའི་ཐོག་དང་གཡས་གཡོན་གང་སར་རྒྱུགས་བཞིན་འདུག


