བོན་རྒྱ་བསྟན་འཛིན་རབ་རྒྱས།
དེ་རིང་བདག་གིས་མི་རབས་གསར་བ་ངེས་པར་དུ་ཡར་ལངས་དགོས་པའི་འབོད་སྒྲ་སྒྲོག་རྒྱུ་ཡིན། དེ་ནི་མི་རབས་རྒན་པ་ཕམ་པར་རྒྱག་པའི་དོན་མིན་ལ་ངོ་རྒོལ་བྱེད་པའི་ཚུགས་ཀའང་མིན། དེ་ནི་ཁྱེད་མི་རབས་རྒན་པ་རྣམས་ཐུགས་ཁྲེལ་མེད་པར་གཟིམ་ཐུབ་པ་ཞིག་དང་ཕྱི་མིག་མེད་པར་ཕེབས་ཐུབ་པ་ཞིག་གི་སླད་དུ་ཡིན། ཁྱེད་ཅག་ཕེབས་ཤུལ་དུ་ང་ཚོའང་རང་ལ་དབང་བའི་འཇིག་རྟེན་ཞིག་གི་སྟེང་ནས་གཞན་ལ་བརྟེན་མི་དགོས་པར་འཚོ་ཐུབ་པའི་ཆེད་ཡིན། ང་ཚོ་ནི་བཙན་བྱོལ་བའི་མི་རབས་གསར་བ་ཡིན། ང་ཚོ་ལ་ང་ཚོའི་འགན་འཁྲི་ཞིག་ཡོད། འགན་འཁྲི་འདི་ང་ཚོས་སྤོབས་པས་ཁུར་ན་འདོད་ཡོད། ང་ཚོས་ཀྱང་རང་གི་འཇོན་ཐང་དང་སྙིང་སྟོབས་བཏེགས་ནས་འཛམ་གླིང་ལ་གོམས་པ་སྤོ་འདོད་ཡོད། མི་རིགས་ལ་རླབས་ཆེན་གྱི་ལག་རྗེས་འཇོག་འདོད་ཡོད། འདི་ལྟར་རྒྱུ་མཚན་སྟོང་ཕྲག་དང་གནས་ལུགས་ཁྲི་ཕྲག་གི་ལམ་ནས་བལྟས་ན། ད་ནི་ང་ཚོ་ཡར་ལངས་པ་འཕྱི་མེད་ནའང་སྔ་གཏན་ནས་མི་འདུག ད་ནི་ཁྱེད་མི་རབས་རྒན་པ་དག་གིས་ཀྱང་ང་ཚོ་ལ་རྩིས་སྤྲད་རན་པ་འཕྱི་མེད་ནའང་སྔ་གཏན་ནས་མི་འདུག ཁྱེད་ཅག་གི་ཐུགས་བསམ་ཞིག་བཞེས་དང་། ཁྱེད་ཅག་ཆས་པ་དུས་གཅིག་དང་ཡུན་གཅིག་ཆགས་ལ་ཉེ་བས་ད་ནི་”ཉམས་མྱོང་ཉམས་མྱོང་”ཞེས་དུས་ཚོད་སྐྱེལ་ཚོད་མ་རེད། ༸གོང་ས་མཆོག་དགུང་གྲངས་བདུན་ཅུ་དོན་ལྔར་ཕེབས་ཡོད་ལ། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ། ཁྲི་ཟུར་རྒྱ་ལོ་དོན་འགྲུབ། ཁྲི་ཟུར་འཇུ་ཆེན་ཐུབ་བསྟན། ཁྲི་ཟུར་བསོད་ནམས་སྟོབས་རྒྱལ། ཁྲི་ཟུར་སྐལ་བཟང་ཡེ་ཤེས་བཅས་བཀའ་བློན་ཁྲི་གདན་ཟུར་ཡོད་ཚད། ལ་མགོའི་ཉི་མ་དང་ལ་སྟེང་གི་གྲིབ་མ་རུ་གྱུར་ཡོད་པས། ད་ནི་མན་ངག་དང་གདམས་པ་ཡོད་ཚད་མི་རབས་གསར་བར་འབུལ་ཚོད་རེད། ང་ཚོར་འཇོན་ཐང་ཆུང་སོང་བའི་བཀའ་བཀྱོན་མ་ཕེབས་དང་། ང་ཚོས་ཀྱང་ཁྱེད་རྒན་རབས་པས་གནང་བའི་ལམ་སྟོན་དང་རང་འཁྲིའི་ལས་འགན་ཡོད་ཚད་རང་གི་དཔུང་བར་ཁུར་ནས། མི་རིགས་ཀྱི་རྩ་དོན་ཐད་ནས་ཕྱི་རོལ་ཡུལ་ལ་བསྟུན་པ་དང་། མ་འོངས་ཕུགས་ལ་ལྟོས་པ། བློ་རིག་གསལ་བ་སོགས་ཁྱོན་ཡོངས་དང་ཕྱོགས་ཀུན་ལ་ཞིབ་འཇུག་དང་། དཔྱད་ཞིབ་མཐའ་ཆོད་པ་བྱས་ནས་ངོས་འཛིན་ཡང་དག་པ་དང་སྡོམ་དོན་འགྲུབ་ཐུབ་པའི་བྱ་བ་སྒྲུབ་རྒྱུ་ལས། གཞོན་ནུའི་སྙིང་ཁམས་ཀྱི་ང་རྒྱལ་དང་། འདས་པ་འདས་པ་ཞིག་གི་ལོ་རྒྱུས་རེ་གླེང་ནས་སྟོང་སྣང་གི་མཁའ་ལ་འཕུར་སྤྱོད་བྱེད་པ་སོགས་གཏན་ནས་བྱེད་མི་སྲིད། ད་ནི་དུས་རབས་ཀྱི་ཉི་རྩེ་ང་ཚོའི་མིག་ཀོང་ལ་འཕྲོས་ཤིང་། ང་ཚོ་ལང་ཚོའི་སྐྱེ་སྟོབས་དང་གསོན་ཤུགས་དར་ཡོད་པས། ང་ཚོས་རང་ཉིད་ལ་བརྙས་དགོས་པ་དང་ཡིད་ཆད་དགོས་པའི་གནས་ལུགས་ཤིག་གཏན་ནས་རྙེད་ཀྱི་མི་འདུག ཀྱེ་བདག་གི་མི་རབས་གསར་བ། ད་ནི་ང་ཚོས་ངེས་པར་དུ་མི་རབས་གསར་བའི་སྙིང་སྟོབས་ཀྱི་ང་རྒྱལ་དང་རྣམ་དཔྱོད་ཀྱི་རྣོ་དབལ་དེ་ངོམས་དགོས་པ་ཡིན་པས། མ་འོངས་པའི་བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཡོད་ཚད་ང་ཚོ་མི་རབས་གསར་བས་འཛིན་པ་ལ་གྲ་སྒྲིག་དང་། འཆར་གཞི གདེངས་ཚོད་བཅས་དགོས་པ་ཡིན།