དགེ་འདུན་རབ་གསལ།
———
ལོ་ངོ་བཞི་ཙམ་གྱི་སྔ་རོལ་ཞིག་ལ། ངེད་ཀྱི་སློབ་མ་ཞིག་གིས་ང་ལ། “ཁྱེད་ལ་བོད་ཡིག་གི་དེབ་དགོས་པས།” ཞེས་དྲིས་བྱུང་། སྤྱང་ཀི་ལ་ཤ་རང་རེད། “དགོས། དེབ་ག་རེ་རེད།”
“དེབ་གང་ཡིན་མི་ཤེས། བོད་ཡིག་གི་དེབ་རེད།”
ཉིན་ཁ་ཤས་ཀྱི་རྗེས་སུ་ང་ལ་དེབ་སྐོར་གཅིག་འབྱོར། དེའི་ནང་ ༡༩༦༩ ལོར་དཔར་བའི་གཱན་དཱིའི་ལོ་རྒྱུས་བོད་ཡིག་མ་དང་། དེ་བཞིན་ལེགས་སྦྱར་སྐད་དུ་ཡོད་པའི་གཞུང་གི་རྩ་བ་འགའ་འདུག ང་ཧོན་འཐོར་དུ་བཅུག་པ་ནི། ༡༨༨༨ ལོ་དང་ ༡༨༩༠། ༡༨༩༥ ལོར་པོད་གསུམ་དུ་དཔར་བའི་ བརྒྱད་སྟོང་པའི་ལྕགས་པར་དེ་རེད། དེབ་གཟུགས་སྟོད་སྨད་གཉིས་འདུག ང་ནི་ལོ་ཚིགས་ཀྱིས་དྲན་པ་འཐོར་ནས། “དཀོན་མཆོག་གསུམ། རྒྱ་གར་ཀ་ལི་ཀ་ཏ་ན། བོད་ཡིག་གི་ལྕགས་པར་དུས་ཚོད་འདི་ཙམ་ནས་དར་འདུག་ཨང་།” བསམ་ཀྱིན་བསམ་ཀྱིན་རྒྱ་གར་བ་ ལོང་རྒིས་ཟེར་བའི་སྨད་གཡོག་གོན་མཁན་སྐོར་གཅིག་གིས་ཚ་བའི་ཁྲོད་དུ་རྔུལ་ནག་འཚེར་འཚེར་གདོང་དང་ལག་པ་སྣག་ཚས་གཡོགས་ཏེ་ རབ་འབྱོར་དང་རབ་འབྱོར་ཅེས་པའི་ཡིག་གཟུགས་འདི་དག་སྒྲིག་བཞིན་པ་ཞིག་མིག་ལམ་དུ་ཤར། ད་ ལོ་ངོ་བརྒྱ་ཕྲག་འགོར་བའི་དེབ་ཅིག་ང་ལ་ཡོད་སྙམ་ནས་སྤོབས་པ་བྱས་པ་མ་ཟད། གྲོགས་པོ་ཚོ་ལ་ཡང་དེ་ལྟར་བརྗོད་མྱོང་། དེབ་འདི་ནི་ asiatic society of Bengal ཞེས་པས་དེབ་ཕྲེང་སྐོར་ཅིག་བཏོན་པ་དེའི་ཁོངས་བཏོན་འདུག





