སྐྱོ་བྲག་དགའ་དབང་།
བོད་གོས་རྩག་པའམ་སློག་པ་ནི། པགས་རིགས་གཞན་ལ་བཟོ་ཡང་། གཙོ་བོ་ལུག་སྤགས་ལ་བཟོས་ནས་ཕོ་མོ་ཆེ་ཆུང་ཚང་མས་རྒྱུན་གོས་བྱ་རྒྱུ་ཞིག་རེད། དེང་སང་རང་རིགས་དང་གཞན་རིགས་མང་པོ་ཞིག་གིས་དེ་ལ་བཟང་པོ་མ་ཡིན་པའི་བལྟ་ཚུལ་ཞིག་འཆང་གི་ཡོད་ཀྱང་། དེ་ནི་གནས་ཚུལ་ཇི་བཞིན་མ་རྟོགས་པའི་རྨོངས་བློ་རང་རེད། བོད་ཡུལ་མདོ་དབུས་ཀྱི་ས་ཆ་མང་ཆེ་བ་མཐོ་སྒང་གྲང་ངར་ཧ་ཅང་ཆེ་བའི་ཡུལ་ཡིན་པས་དེའི་གྲང་ངར་ཐུབ་པ་ནི་པགས་རིགས་མ་གཏོགས་གཞན་མེད་ལ། དེའི་ནང་ནས་ཀྱང་དྲོ་འཇམ་རྙེད་སླ་ནི་ལུག་ལྤགས་ཁོ་ན་རེད། དབྱིབས་དང་བཟོ་ལུགས་ཀྱང་ཞིབ་ཏུ་བལྟས་ན་མཛེས་པོ་ཡིན།





