འབྲོང་བུ་ཟླ་བ་ཚེ་རིང་།
༼འདིར་བརྗོད་ཀྱིན་པའི་མྱུར་ཚད་ཅེས་པ་ནི་ཁ་ཕྱོགས་དང་གྲངས་འབོར་གཉིས་ལྡན་ཞིག་ལ་གོ་དགོས། ༽

མྱུར་ཚད་(Velocity)ཅེས་པ་ནི་དངོས་པོ་ཞིག་གནས་སའི་འགྱུར་ཚད་ལ་གོ་ཞིང། བསྐྱོད་པའི་ལམ་ཐག་འགོར་བའི་དུས་ཡུན་གྱིས་བགོས་ན་མྱུར་ཚད་རྙེད་ཐུབ། ནམ་རྒྱུན་འཚོ་བའི་ཁྲོད་ཀྱི་འགུལ་སྐྱོད་རང་བཞིན་གྱི་བྱ་དངོས་ཡོད་ཚད་ལ་མྱུར་ཚད་ཡོད་ཅིང། ཐོག་མར་ཁ་ཕྱོགས་ཤིག་གཏན་འཁེལ་བྱས་ཏེ་ཚད་འཇལ་བའི་ཆ་ནས་མྱུར་ཚད་ལ་ཕོ་གྲངས་སམ་མོ་གྲངས་ཡང་ན་ཀླད་ཀོར་གང་རུང་ཡོང་སྲིད། དཔེར་ན། ཁྱེད་ཀྱིས་ས་གནས་ཤིག་གཏན་འཁེལ་གྱིས་ས་གནས་དེ་ནས་ཤར་ཕྱོགས་ནི་ཕོ་གྲངས་ཡིན་པར་ཆ་བཞག་ནས་ཤར་ཕྱོགས་སུ་བསྐྱོད་ན་མྱུར་ཚད་ནི་ཕོ་གྲངས་ཡིན་ཞིང། ཁ་ཕྱོགས་དེ་ལས་ལྡོག་ཕྱོགས་སུ་བསྐྱོད་ན་མྱུར་ཚད་ནི་མོ་གྲངས་ཡིན། འདིའི་སྐབས་ཀྱི་ཕོ་གྲངས་དང་མོ་གྲངས་ནི་ཁ་ཕྱོགས་ཀྱི་མཚོན་ཐབས་ཤིག་ཀྱང་ཡིན། དེ་བཞིན་ཁྱེད་རང་སྐོར་ལམ་སྒོར་དབྱིབས་ཡིན་པའི་མཆོད་རྟེན་ཞིག་གི་མཐའ་འཁོར་ནས་ཐེངས་གཅིག་སྐོར་བ་བསྐོར་བ་ཡིན་ན་ཁྱེད་ཀྱི་མྱུར་ཚད་ནི་ཀླད་ཀོར་རེད། འདི་ནི་ཁྱེད་རང་ཁ་ཕྱོགས་ངེས་གཏན་གྱི་ཕྱོགས་སུ་བསྐྱོད་པའི་ལམ་ཐག་ནི་ཀླད་ཀོར་ཡིན་པ་དང། ཁྱེད་རང་གི་འགུལ་བསྐྱོད་ཀྱི་ཁ་ཕྱོགས་སྒོར་དབྱིབས་དེའི་ཆ་ཤས་རེ་རེ་ན་འགྱུར་གྱིན་ཡོད་པས་སོ། འདི་མཚུངས་སུ་ཁྱེད་རང་ལམ་ཐག་ལེ་དབར་སྟོང་ཕྲག་མང་པོར་བསྐྱོད་དེ་རང་གནས་སུ་ལོག་པ་ཡིན་ན་ཁྱེད་ཀྱི་མྱུར་ཚད་ནི་ཀླད་ཀོར་ཡིན། དེ་བས་མྱུར་ཚད་ནི་ཁ་ཕྱོགས་ངེས་ཅན་ལྡན་པའི་ཚད་གཞི་ཞིག་ཡིན།



