གཡང་སྐྱབས་རྒྱལ།
————————–
ང་མགོ་འཐོམས་པ་ནི་ ལམ་གྱི་བཞི་མདོ་ཞིག་ལ་སླེབས་ནས་ཕྱོགས་གང་དུ་བསྐྱོད་རྒྱུ་མ་ཤེས་ནས་མགོ་འཐོམས་པ་དེ་མ་རེད། ང་མགོ་འཐོམས་པ་ནི་ལམ་གྱི་དཀྱིལ་ནས་ཤར་བསྐྱོད་བྱེད་སྐབས་མགོ་ཡོམ་ཞིག་འཁོར་ཏེ་མགོ་འཐོམས་པ་དེ་རེད། གཅིག་བྱས་ན་ཁྲག་ཤེད་མཐོ་དྲགས་པ་ཡིན་ནམ། གཅིག་བྱས་ན་ངོས་མ་ཟིན་པའི་ན་ཚ་ལྗིད་པོ་ཞིག་གིས་ཟིན་པ་ཡིན་ནམ། ང་མགོ་འཐོམས་འདུག
ངས་ བོད་ལ་ཤ་ཚ་མཁན་གྱི་མི་ཞིག་བཙལ། བོད་དང་བོད་མི་ལ་ཤ་ཚ་མཁན་གྱི་མི་ཞིག་བཙལ། ང་༧རྒྱལ་བ་རིན་པོ་ཆེ་ལ་ཐེངས་མ་འགའ་མཇལ་མྱོང་། ཐེངས་མ་གཅིག་ནི་ཧ་ཅང་ནང་མོལ་གྱི་མཇལ་ཁ་ཞིག་ཡིན། ངས་ བོད་ལ་ཤ་ཚ་བྱེད་མཁན་གྱི་ཁྲོད་ནས་ ༧རྒྱལ་བ་རིན་པོ་ཆེ་ལས་ལྷག་ཅིག་རྙེད་མི་ཐུབ། འདི་ནི་སྤྱན་རས་གཟིགས་དང་གངས་ཅན་བོད་ཀྱི་འབྲེལ་བ་དེ་མ་རེད། འདི་ནི་ཆུང་བྱིས་པ་ནས་བོད་མི་རིགས་འདི་སྐྱོབ་རྒྱུའི་འགན་ཕྲག་ཏུ་བཞེས་པའི་ ༧རྒྱལ་བ་རིན་པོ་ཆེ་དང་བོད་མིའི་འབྲེལ་བ་རེད། ༧རྒྱལ་བ་རིན་པོ་ཆེས་བོད་ལ་མགོ་སྐོར་གཏོང་བ་དང་༧རྒྱལ་བ་རིན་པོ་ཆེས་བོད་ལ་ཤ་ཚ་བྱེད་གི་མ་རེད་ཅེས་བཤད་ན། ཉི་མ་དེ་ནས་བོད་ལ་ཤ་ཚ་མཁན་ཞིག་མེད་པ་རེད།


