
གནས་ཚུལ་མཁོ་གཏོང་བ། བོད་རང་བཙན་སློབ་ཕྲུག་ཚོགས་པ།
འདི་ལོའི་རྒྱ་ནག་གི་ལོ་གསར་རྗེས་སུ། བོད་ཁམས་ཁུལ་གྱི་རྫ་སྟོད་དང་རྫ་སྨད་། སྐྱེ་རྒུ་མདོ་བཅས་ནས་བོད་རིགས་ཚོས། རྒྱ་རིགས་ཚོང་ཁང་དག་གི་རིན་གོང་མཐོ་བའི་སྔོ་ཚལ་ལ་ཁ་གཏད་ཀྱི་སླད་དུ། མ་གྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས་བོད་རིགས་ཀྱི་ཚོང་ཁང་ནས་ཅ་དངོས་ཉོ་རྒྱུའི་དམ་བཅའ་བཞག་འདུག་ཟེར། ད་དུང་། གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་གསུངས་ན། ས་གནས་ཀྱི་འཚོགས་འདུ་དེའི་རྗེས་སུ། ས་གནས་མི་མང་ཚང་མས་མཉམ་ལས་མི་བྱེད་པའི་ཞི་རྒོལ་ལ་ཞུགས་རྒྱུར་མོས་མཐུན་བྱས་སོང་ཟེར་། དེར་བརྟེན། བོད་རིགས་ཚོང་པ་རྣམས་ཟི་ལིང་དུ་ཕྱིན་ནས། སྔོ་ཚལ་དང་གྲོ་ཕྱེ། སྣུམ་དང་ཇ་སོགས་ཅ་དངོས་རིགས་ཉོས་ཏེ་། ཕྱིར་ས་གནས་སུ་དབོར་ནས་རིན་གོང་ཧ་ཅང་ཚད་དང་ལྡན་པའི་སྒོ་ནས་བཙོང་གི་འདུག་ཟེར། ད་དུང་། ནང་ཆེན་ཁུལ་གྱི་མིང་བརྗོད་འདོད་མེད་པ་ཞིག་གིས་གསུངས་ན། ནང་ཆེན་ཁུལ་གྱི་སྔོ་ཚལ་རིགས་ཀྱི་རིན་གོང་ཧ་ཅང་མཐོ་བོ་འདུག་ཟེར། དཔེར་ན། སྤྱིར་བཏང་ནས་ཀུ་ཤུ་རྒྱ་མ་གང་ལ་རྒྱ་སྒོར་གཉིས་རེད་། ཡིན་ན་ཡང་། རྒྱ་རིགས་ཀྱི་ཚོང་ཁང་ཁག་ཏུ་རྒྱ་སྒོར་བརྒྱད་ལ་བཙོང་གི་འདུག་ཟེར།





