སེར་ཤུལ་རིན་ཆེན་དོན་གྲུབ།
ཡང་སྙིང་འགྲོ་བ་མི་རྣམས་ཀྱིས་ཅི་ཞིག་འཚོལ་བཞིན་ཡོད་དམ། ཡང་སྙིང་འགྲོ་བ་མི་རྣམས་ལ་ཅི་ཞིག་དགོས་ཀྱི་ཡོད་དམ། དྲི་ལན་འདི་འཚོལ་ཞིབ་ཀྱི་ནང་དུ་ངེས་པར་དུ་ཤེས་དགོས་པ་ཞིག་ནི་མི་སོ་སོའི་བསམ་བློ་དང་། ཀུན་སྤྱོད། རང་གཤིས། དགའ་ཕྱོགས། བདེ་བའི་ངོ་བོ་ངོས་འཛིན་བྱེད་ཕྱོགས་སོགས་མི་མཐུན་པ་འདི་རེད། རྒྱུ་མཚན་དེས་དབང་གིས་འགྲོ་བ་མི་ཐུན་མོང་གི་བདེ་སྐྱིད་ཅིག་ད་བར་སུས་ཀྱང་ངོས་འཛིན་བྱེད་དཀའ་བར་གྱུར་ཡོད། འགའ་ཞིག་ནི་དཔལ་འབྱོར་ལ་དགའ་ཞིང་འབད་བརྩོན་ལ་སྤྲོ། འགའ་ཞིག་ནི་བརྩེ་དུང་ལ་དགའ་ཞིང་སློབ་སྦྱོང་ལ་འབད། འགའ་ཞིག་ནི་སྒྱིད་ལུག་ལ་མོས་ཤིང་འཁྲིག་སྤྱོད་ལ་དགའ། འགའ་ཞིག་ནི་གཉིད་ཀྱི་ཞིང་ཁམས་ལ་དུང་ཞིང་ཆང་གི་བྲོ་བ་ལ་ཆགས། འགའ་ཞིག་ནི་ར་བཟི་ལ་དགའ་ཞིང་རྐུ་འཕྲོག་ལ་གཞོལ།




