ཨ་ར་དཀར་པོ་ནས།
དེ་རིང་རྒད་པོས་གནས་ཚང་རྒྱ་གར་ཚང་གི་ད་ལྟའི་གནས་ཚུལ་སྐོར་ཞིག་དྲ་ཐོག་གི་གྲོགས་པོ་ཚོར་ཁ་བརྡ་ཞིག་བྱེད་ན་འདོད། འདི་ནི་ཁ་བརྡ་རང་ཡིན་པས་ཉན་འདོད་མེད་མཁན་ཚོ་དང་པོ་ནས་གཡོལ་རོགས། ཚང་མས་ཤེས་གསལ་ལྟར་ད་ལྟའི་ཆར་རྒྱ་གར་གྱི་རྒད་པོ་ཨ་ན་ཨ་ཛ་རེ་ཡི་ངོ་རྒོལ་ལ་རྒྱལ་ཁ་ཐོབ་གྲབས་འདུག ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཡང་ཉིན་རེ་བཞིན་ཇེ་མང་ནས་ཇེ་མང་རེད། ལྟོས་དང་། གཞུང་གི་ལས་བྱེད་པ་དང་ཁྲིམས་རྩོད་པ། གློག་བརྙན་འཁྲབ་སྟོན་པ། སློབ་མ། ལས་བཟོ་བ། གྲོང་གསེབ་པ་སོགས་ཡོད་ཚད་ལང་ཡོང་གིན་འདུག དེའི་མ་ཚད་གྲོང་ཁྱེར་མུམ་བྷེ་རུ་ཌལ་པེ་བ་ལ་༼ཕྱི་ལོགས་ནས་ཡོང་བའི་གཞུང་གི་ལས་ཁུངས་ཆེ་ཁག་གི་ལས་བྱེད་ཚོར་ཉིན་གུང་ཁ་ལག་བཙོང་ནས་འཚོ་བ་སྐྱེལ་མཁན་རིགས་ལ་ཟེར་བ་འདྲ༽ལོ་བརྒྱ་དང་ཉི་ཤུ་ལྷག་རིང་སྐད་འབོད་བྱས་མ་མྱོང་མཁན་རེད་ཟེར་བ་དེ་ཚོ་ཡང་ད་རེས་ལངས་ཡོང་གིན་འདུག




