(ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ་གྱི་ཁོངས་སུ་འཇོག་རོགས།)
དོན་རིན། གོ་པལ་པུར།
བྱ་དངོས་གང་རུང་གི་ངོ་བོ་གསལ་པོ་མིན་པའི་གནས་ལུགས་ཀྱང་མི་ཤེས་ན།
ངས་ཁྱེད་ལ་ཅི་ཞིག་བཤད། ཁྱོད་ཀྱིས་ཅི་ཞིག་སེམས།
རྟོག་གེ་བའི་ཉམས་སྣང་དེས་སུ་འདྲོགས་སློང་འདོད་དམ།
འུ་ཚོའི་འཇིག་རྟེན་དུ་མེད་པ་ཡོད་ཆོག་ཅིང་།
ཡོད་པ་མེད་ཆོག་པའི་གནས་ལུགས་ཀྱི་ཆོས་ཉིད་ཡོད།





བོད་ནང་གི་བླ་མ་མཁས་པ་ཞིག་གིས་ཤོག་བུའི་རླུང་རྟ་གང་སར་གགཏོར་སྲོལ་འདི་མི་བཟང་ཚུལ་གྱི་བཀའ་སློབ་ཅིག་གནང་མྱོང་ཚུལ་སྔོན་ནས་ཐོས། ང་བྱིས་པ་ཡིན་དུས་གཟུངས་སྔགས་སྤར་ནས་དར་ཤིང་ལ་འཕྱར་བའམ་རྡོ་རྩིག་ངོས་སུ་སྦྱར་སྲོལ་སོགས་མཐོང་མྱོང་། ཡིན་ན་ཡང་བར་སྐབས་ཤིག་ནས་ཁ་ཆེ་ཚོང་ཁྲོམ་སྟོན་མཁན་ཚོས་ཀ་ཇུ་ཡས་མས་ནས་རླུང་རྟ་ཤོག་བུར་སྤར་བ་ཆག་པ་ཆག་པ་བྱས་པ་མང་པོ་ཁྱེར་ཡོང་ནས་བཙོང་སོང་། འབྲོག་པ་ཚོས་ཧབ་ཐོབ་བརྒྱབ་ནས་ཉོས་སོང་།
དེང་སང་ནུབ་ཕྱོགས་ཀྱི་སངས་རྒྱས་པ་ཚོས་བོད་ཀྱི་ནང་བསྟན་པའི་རོལ་ཆའི་བྱེ་བྲག་གླུ་ལེན་ཕོར་བ་Singing Bowlཞེས་པ་ཞིག་བེད་སྤྱོད་བྱེད་སྲོལ་ཆེན་པོ་འདུག འདི་ཡང་སྙིང་ཅི་ཞིག་རེད། ང་ཚོའི་འདོན་ཆོག་ཚོ་དང་ལྷན་སྦྱར་དུ་ཡོད་པའི་འབུད་རྡུང་དཀྲོལ་གསུམ་གྱི་རྣམ་བཞག་གང་ན་ཡང་གླུ་ལེན་ཕོར་བ་ཞེས་པ་ཞིག་མཐོང་མ་མྱོང་། སངས་རྒྱས་པའི་དད་ལྡན་ཡིན་ཟེར་མཁན་ཕྱི་མི་ཞིག་གི་ཁྱིམ་གྱི་མཆོད་སྒམ་སྟེང་ན་གླུ་ལེན་ཕོར་བ་ཆེ་ཆུང་མང་པོ་ཞིག་བཤམ་འདུག ང་ཁོའི་ནང་དུ་སླེབས་སྐབས་ཁོས་གླུ་ལེན་ཕོར་བ་དེ་ཚོ་མར་བླངས་ནས་ངའི་ལག་ཏུ་བཞག་ནས་རྡུང་དུ་འཇུག ངས་གླུ་ལེན་ཕོར་བ་ཡིན་ནམ་དེ་རྡུང་མི་ཤེས།