ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༣ ཉིན་གྱི་སྔ་དྲོ་རྔ་པ་རྫོང་རྨེའུ་རུ་མའི་གསེར་ལྡེས་སྐེ་རྟགས་ཞེས་པའི་གཞུང་ལམ་དུ་རྨེའུ་རུ་མ་ཤང་དང་ཐག་ཉེར་ཡོད་པའི་གནམ་མཚོ་དགོན་པའི་དགེ་འདུན་པ་དང་སྟོད་གོས་མ་གྱོན་པའི་མི་མང་བརྒྱ་ཕྲག་ཁ་ཤས་འདུ་འཛོམས་ཀྱིས་རྩམ་པ་འགམ་བཞིན་མ་ཎི་བཏོན་ནས་སྡད་པ་དང་། དེ་རྗེས་ཉིན་གུང་ཙམ་ལ་མར་མེ་ཁྲོམ་སྐོར་བྱེད་བཞིན་མར་ཞང་ཐོག་ཏུ་འགྲོ་སྐབས་ཉེན་རྟོག་པ་དང་དམག་མི་འབོར་ཆེན་སླེབས་ཟིན་པ་རྣམས་ཀྱིས་མི་མང་གི་མདུན་བཀག་ཀྱང་། མི་མང་གིས་ཉན་འཇོག་མ་བྱས་པར་མ་ཟད། འདོན་བཞིན་པའི་མ་ཎིའི་སྒྲ་དབྱངས་གློ་བུར་དུ་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་ལ་རང་དབང་དགོས་སོགས་ཀྱི་ངོ་རྒོལ་སྐད་འབོད་ཀྱི་ངོ་བོར་གྱུར་ཡོད་ལ། སྐབས་དེར་ཉེན་རྟོག་པ་རྣམས་ཀྱིས་གང་བྱུང་གཅར་རྡུང་དྲག་པོ་གཏོང་བཞིན་འཛིན་བཟུང་བྱས་ཏེ་མི་མང་ཁ་འཐོར་དུ་བཅུག་ཡོད་འདུག སྐབས་དེར་གནམ་མཚོ་དགོན་པའི་དགེ་འདུན་པ་དང་མི་སྐྱ་མང་པོ་འཛིན་བཟུང་གིས་རླངས་འཁོར་ཆེན་པོའི་བླུགས་ནས་བཙན་ཁྲིད་བྱས་ཡོད་པ་དང་། དེ་རྗེས་ནས་བཟུང་ཕྱི་ཚེས་ ༢༤ ཉིན་ད་དུང་མུ་མཐུད་ནས་རྨེའུ་རུ་མའི་ཞང་ཐོག་ཏུ་དམག་མི་དང་ཉེན་རྟོག་པ་འབོར་ཆེན་གྱིས་དམ་དྲག་བྱས་ཡོད་པར་མ་ཟད། སང་ཉིན་སྟེ་ཕྱི་ཚེས་ ༢༥ ཉིན་ནས་ཉིན་བཅོ་ལྔའི་རིང་འཚོགས་རྒྱུ་ཡིན་པའི་རྔ་པ་ཀིརྟི་དགོན་པའི་སྨོན་ལམ་ལ་མཇལ་སྐོར་དུ་འགྲོ་མཁན་གྱི་འབྲོག་པ་རྣམས་ཀྱང་གཅར་རྡུང་དང་འཛིན་བཟུང་བྱེད་བཞིན་ཡོད་པ་ལས་ཡར་རྔ་པ་རྫོང་ཐོག་ཏུ་གཏོང་གི་མེད་འདུག
དེ་ལས་མང་བ་། “རྒྱ་གཞུང་གིས་ཨ་མདོ་རྔ་པ་་ཁུལ་དུ་མུ་མཐུད་དམ་དྲག་དང་འཛིན་བཟུང་བྱེད་བཞིན་པ།” »