བོད། ལྷ་ཀླུ་གཉན་གསུམ།
ཁྱོད་ལ་དངོས་ནས་ཁག་མེད། སྤྱིར་བཏང་གནམ་འོག་འདིའི་ཁྱིམ་ཚང་གང་ཞིག་ལ་མཚོན་ནའང་། ཁྱིམ་ཚང་དེ་ལ་ཕ་མ་གཉིས་ཀ་ཡོད་ན། བཟང་ངན་ཡག་སྡུག་གང་བྱུང་རུང་། ཕ་མ་ཟེར་ནས་རྒྱབ་བསྟེན་ས་ཞིག་ཡོད་པ་དང་ཕ་མ་ཟེར་ནས་འབོད་ས་ཞིག་ཡོད་པ་རེད། དེ་ནི་དངོས་ནས་མེད་དུ་མི་རུང་བ་ཞིག་ཡིན་པ་ཁྱོད་ཀྱིས་བདག་ལ་ངར་སྐད་དང་ངུ་སྐད་དང་བཅས་མ་བཤད་ཀྱང་། ངས་ལོས་ཤེས། འོན་ཀྱང་། མི་རིགས་ཤིག་གི་ཉམ་ཉེས་ཁྲོད་དུ། མི་རིགས་ཤིག་གི་འབངས་མི་ཚོ་ལ། རང་ཉིད་ཀྱི་མི་རིགས་ལ་འགན་འཁུར་བའི་ལས་འགན་ཡོད་ལ། དེ་ཉིད་དང་དུ་ལེན་པ་ལའང་། དགོས་པ་དང་རྒྱུ་མཚན་ཞིག་ཏན་ཏན་ཡོད་པ་ཡིན། ལྷག་དོན་དུ་མི་རིགས་ཤིག་གཉའ་གནོན་དང་མནར་གཅོད་ཁྲོད་དུ་ཡོད་ན། དེ་ཡི་ཆེད་དུ་ཡར་བླངས་བྱེད་རྒྱུ་ནི། མི་རིགས་དེ་ལ་སྐྱེ་བའི་སྐྱེ་བོ་ཚང་མས་འོས་འགན་ཆགས་ཡོད་དུས། ངས་ཀྱང་འོས་འགན་དེ་ཉིད་དང་དུ་བླང་དེ་ཁྱེད་དང་བུ་དང་བུ་མོ་གཉིས་མི་སྐྱུར་ཐབས་མེད་ཀྱི་དུས་ཚོད་འདི་ངའི་མགོ་ཐོག་དུ་ལྷུང་བ་ཡིན།




