གཅན་བཟོད་རྒྱམ།
ངོ་དེབ་ནང་གི་བོད་དོན་གླེང་མོལ། ཁ་སང་དེ་རིང་བོད་ནང་གི་རང་སྲོག་བློས་བཏང་གིས་རང་ལུས་མེར་བསྲེགས་ཀྱི་ཌྷས་འགུལ་དང་འབྲེལ་ནས་བོད་ཕྱི་ནས་ཀྱང་ཆེ་ཆུང་ལ་མ་བལྟས་པར་གང་ཐུབ་ཅི་ནུས་ཀྱིས་ལས་འགུལ་འདྲ་མིན་སྤེལ་དང་སྤེལ་བཞིན་འདུག་མོད། དཔྱད་བརྗོད་པ་ཡིན་པར་རློམ་མཁན་གང་མང་ཞིག་གིས་དྲ་ཐོག་དང་གསར་ལམ་འདྲ་མིན་ལས་བོད་ནང་གི་ལས་འགུལ་གྱི་ཁ་ཕྱོགས་དང་དགོས་འདུན། ཁེ་ཕན་དང་མཇུག་འབྲས་སོགས་ལ་དཔྱད་གཏམ་སྤེལ་བཞིན་པར་མ་ཟད། བོད་ཕྱི་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གཙོས་བོད་གཞུང་དམངས་གང་ཐད་ནས་ལས་འགུལ་སྤེལ་བ་དང་རྒྱལ་ཚོགས་སོགས་ཕྱི་རྒྱལ་ཚོགས་སྡེ་ཀག་ལ་སྙན་ཞུ་རབས་རིམ་འབུལ་བ་སོགས་ཀྱི་སྐོར་དགོས་དམིགས་དང་ཕན་འབྲས་གང་ཅི་ཡོད་སོགས་ལ་རང་རང་གི་བསམ་ཚུལ་མང་དུ་གསུངས་དང་གསུང་བཞིན་འདུག སྐབས་འདི་འདྲ་ཞིག་དྲ་ཐོག་གང་ས་ནས་མི་ཆེ་ཆུང་དང་མཐོ་དམའ་སུ་ཞིག་གིས་སྐད་ཆ་བསད་ཀྱང་ཡན་པོར་མི་གཏོང་བའི་ཁར། མཐོ་ལ་དམའ་འབེབས་དང་དམའ་ལ་ཁྱད་གསོད་བྱེད་ཅིང་། དཔྱད་གཏམ་ལ་དཔྱད་གཏམ་སྤེལ་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་འདུག་ལ། དྲ་ཐོག་གང་ས་ནས་སྐད་ཆ་དང་ཡི་གེ་གང་དང་ཅི་བྲིས་པ་དགག་རྒྱག་ཚ་ཐག་ཆོད་རེ་དང་ཚིག་ངན་གཉིད་མི་ཡོང་བ་རེ་བཤད་གང་ཐུབ་ཅི་ཐུབ་བྱེད་བཞིན་འདུག







