༸གོང་ས་མཆོག་གི་དྲ་ཚིགས་ www.gyalwarinpoche.com ནས་འདྲེན་བཀོད་ཞུས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ ཐོག་༸གོང་ས་མཆོག་གིས་ལ་དྭགས་བོད་ཕྲུག་ཁྱིམ་སྡེའི་ཐང་ཆེན་དུ་ལས་བསྡོམས་ཚོགས་ཆེན་ཐོག་སེར་སྐྱ་མི་མང་དང་དགེ་ལས་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༧༠༠༠ བརྒལ་བར་བཀའ་སློབ་སྩལ་བ་ནས་ཟུར་འདོན་ཞུས།
༄། །བར་སྐབས་ང་ཚོའི་གནས་ཚུལ་འགྱུར་བ་གཅིག་ལ་བོད་གཞུང་དགའ་ལྡན་ཕོ་བྲང་ཞེས་ཏཱ་ལའི་བླ་མའི་བླ་བྲང་གིས་བོད་ཀྱི་སྲིད་དབང་འཛིན་པ་ཞིག་༸གོང་ས་ལྔ་པ་ཆེན་པོའི་སྐབས་ནས་བྱུང་སྟེ་ད་བར་ལོ་བཞི་བརྒྱ་མ་ཟིན་ཙམ་སོང་ཡོད། གང་ལྟར་དེ་ལ་སྔ་ཕྱི་མ་གཏོགས་འགྱུར་བ་འགྲོ་དགོས་པ་བརྒྱ་ཆ་བརྒྱ་ཐམ་པ་གཏན་འཁེལ་ཡིན། སྔ་མོ་ངོས་བོད་ལ་ཡོད་སྐབས་ཕལ་ཆེར་ལོ་བཅུ་གསུམ་བཅུ་བཞིའི་དུས་ནས་དོ་སྣང་བྱུང་བར། སྲིད་སྐྱོང་དང་། དེའི་འོག་གི་བཀའ་ཤག་དང་། དྲུང་ཡིག་ཆེན་མོ། རྩིས་དཔོན་བཅས་དབང་ཆ་ཚང་མ་ཁོང་ཚོའི་ལག་ཏུ་ཡོད་སྟབས། སྐབས་རེ་ཉེ་དགའ་ཕྱོགས་ལྷུང་བྱས་ཏེ་ཉམ་ཆུང་ཚོ་སྐྱབས་མེད་མགོན་མེད་ལ་ལུས་པའི་མཐོང་ཚུལ་ཡོང་གི་ཡོད།