བསྟན་འཛིན་ཆོས་རྒྱལ་དང་ནམ་མཁའི་སྔུར་སྒྲ།
ཨོ་གླིང་ནས་ལུང་རྟོགས་ཀྱིས། གླུ་བ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་རྒྱ་གར་རང་བཙན་ཉིན་མོར་སྤྱི་ཚོགས་དྲ་རྒྱ་བརྒྱུད་ཆེད་སྒྲིག་གླུ་གཞས་ནམ་མཁའི་སྔུར་སྒྲ་ཞེས་པ་ཡོངས་བསྒྲགས་བྱས་ཡོད། གླུ་གཞས་དེ་དག་ནི་ཁོང་གིས་སྒྱུ་རྩལ་བ་གཞན་ཁག་ཅིག་དང་མཉམ་ལས་བྱས་པ་དང་། ཁོང་གིས་ལོ་མང་རིང་འབད་རྩོལ་བྱས་པ་ལས་གྲུབ་པ་ཞིག་ཡིན་ཞིང་། བོད་ཀྱི་རྩམ་པར་ནུབ་ཕྱོགས་པའི་སྦྲང་རྩི་བརྒྱབ་པ་ལྟར་རོ་བཅུད་ཕུན་སུམ་ཚོགས་པ་དང་ལྡན་པ་ཞིག་རེད་ཅེས་བརྗོད་ཆོག མི་ལོ་ཉི་ཤུའི་སྔོན་དུ་ང་རང་ཨོ་སི་ཊོ་ལི་ཡར་གནས་སྤོར་མ་བྱས་པའི་ཉིན་གཅིག་རྡ་རམ་ས་ལའི་སྲང་མདོར་བསྟན་འཛིན་ཆོས་རྒྱལ་ལགས་ལ་ཐེངས་དང་པོ་ཐུག་པ་ཡིན། སྐབས་དེར་ང་རང་ཨོ་སི་ཊོ་ལི་ཡར་གནས་སྤོར་འཆར་ཡོད་པ་ལྟར་ངའི་ལས་གྲོགས་ཕྱི་རྒྱལ་བ་དེས་བསྟན་འཛིན་ཆོས་རྒྱལ་ཨོ་སི་ཊོ་ལི་ཡར་གནས་སྡོད་བྱེད་མཁན་རེད་ཅེས་ངོ་སྤྲོད་གནང་སོང་། ང་རང་ཨོ་སི་ཊོ་ལི་ཡར་འབྱོར་ནས་ཅུང་མ་འགོར་བར་བསྟན་འཛིན་ཆོས་རྒྱལ་ལགས་ལྡིང་ཆའི་སྟེང་ནས་མཐོང་སོང་། སྤྱི་ནོར་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨོ་སི་ཊོ་ལི་ཡའི་ཆིབས་བསྒྱུར་གནང་ཐེངས་རེར། འདུ་འཛོམས་ཆེན་མོ་ཁག་གི་སྔོན་འགྲོའི་མཛད་རིམ་ནང་ཁོང་གིས་གླུ་གཞས་གཏོང་གི་འདུག་ལ་མི་དམངས་ཀྱིས་དགའ་བསུ་ཆེན་པོ་ཐོབ་གནང་སོང་། འདས་པའི་མི་ལོ་ཉི་ཤུ་རིང་བསྟན་འཛིན་ཆོས་རྒྱལ་དང་ཁོང་གི་སྒྱུ་རྩལ་སྐོར་ཨོ་སི་ཊོ་ལི་ཡའི་གསར་འགོད་བརྒྱུད་ལམ་ཆེ་ཁག་དང་ཚགས་པར་སྐད་གྲགས་ཆེ་ཤོས་མང་ཆེ་བའི་ནང་ཐོན་པ་དང་དུས་མཚུངས་བོད་དོན་ཁྱབ་བསྒྲགས་ཐད་གྲུབ་འབྲས་ཆེན་པོ་ཞིག་ཐོན་ཡོད། དེང་སྐབས་ཁོང་ནི་འཛམ་གླིང་ཐོག་མིང་གྲགས་ཡོད་པའི་བོད་ཀྱི་གཞས་པའམ་སྒྱུ་རྩལ་བ་ཞིག་ཡིན་ན་ཡང་།…