འཆི་མེད།

—གཅན་མེ་སྟག་ལ།
ང་ལ་སློབ་གྲོགས་དང་དགེ་གྲོགས་རྩོམ་གྲོགས་སོགས་གྲོགས་པོ་ཡིན་ལ་མིན་པ་མང་པོ་ཡོད། དགའ་སྡུག་གང་གི་དུས་སུའང་རླུང་བཞིན་གཡུགས་ཏེ་ཡོང་ནས་རླུང་བཞིན་གཡུགས་ཏེ་ག་ཤེད་ཅིག་ཏུ་བུད་འགྲོ། དེ་ཚོའི་ཁྲོད་དུ་སོ་སོའི་དགོས་མཁོའི་དབང་གིས་ང་ལ་འཛུམ་མདངས་སྟོན་མཁན་མང་ཙམ་ཡིན་ལ། ང་དང་གྱེས་རྗེས་མེད་པ་ལ་ཡོད་པ་དང་ཡོད་པ་ལ་རྭ། རྭ་ཡང་འདོམ་པ་བཅོ་བརྒྱད་དུ་སྨྲ་མཁན་ཉུང་ཉུང་མིན། ང་རང་སྡུག་ལ་ཐུག་དུས་སྡུག་གཏམ་གཉོམ་པོ་གཉོམ་པོ་ཞིག་སེམས་ཀྱི་སྙི་ས་སྙི་ས་ནས་རང་གི་གྲོགས་ཡིན་སྙམ་གྱི་ལག་ཏུ་གཏད་ན། བསེར་བུའི་རྒྱུ་ལམ་ཡིན་པའི་ལག་མཐིལ་དེ་ནས་ལ་དང་ལུང་བ་མེད་པར། ས་སྤུར་གནམ་སྤུར་བྱེད་པའང་མི་སྐྱོན་ཏེ། མི་རང་རང་གི་དགའ་ཕྱོགས་རེད་ལ་གྲོགས་པོ།
ཡིན་ཡང་ཁྱེད་ནི་དེ་དག་དང་ཡེ་ནས་མི་མཚུངས་ཏེ། འུ་གཉིས་ཕན་ཚུན་ངོ་ཤེས་པའི་ལོ་ངོ་སུམ་ཅུ་ལྷག་གི་རིང་ངས་ཁྱེད་ཀྱི་བཅོས་འཛུམ་མཐོང་མ་མྱོང་ལ་ཁྱེད་ཀྱིས་ང་ལ་སྐད་ཆ་བཅོས་མ་ཚིག་གཅིག་ཀྱང་བཤད་མ་མྱོང་། དེ་ནི་ཁྱེད་རང་མི་རྫུན་མ་འཁྲབ་པར་མི་མཁས་པས་རེད།
དེ་ལས་མང་བ་། “རྩོམ་གྲོགས་ཡིན་ཟེར་མཁན་ཚོའི་ཁྲོད་དུ་ང་རང་ཞེ་ལ་ཐོགས་མཁན་ནི་ཁྱེད་རང་ཡིན།” »





