ཨ་འབྲུག་དཀོན་མཆོག
འཇིག་རྟེན་ནི་དངོས་པོ་ཞིག་ཡིན་པས་འཚོ་བ་ཡང་དངོས་ཡོད་ཅིག་ཡིན་འོས། དེའི་ཕྱིར་ང་ཚོའི་འཇིག་རྟེན་དང་འཚོ་བའི་ཐད་ཀྱི་ལྟ་ཚུལ་དག་ཀྱང་དངོས་ཡོད་ལ་གཞི་བཅོལ་བའི་ལྟ་ཚུལ་ཞིག་ཡིན་དགོས དེ་ལྟ་ནའང་ང་ཚོ་རང་ཉིད་དང་། ང་ཚོའི་སྤྱི་ཚོགས། ང་ཚོའི་རིག་གནས་བསམ་བློའི་ཁོར་ཡུག་དང༌། ང་ཚོའི་འཚོ་བའི་གོང་ཐང་གཅོད་ཕྱོགས་ཀྱི་ཚད་གཞི། ཐ་ན་ང་ཚོའི་མིའི་རིན་ཐང་གི་ངོ་བོ་འཇོག་ཚུལ། དེ་ལས་ཀྱང་མི་ཆེ་ཆུང་དང་དེའི་གྲལ་རིམ་གྱི་ངོ་བོ་སོགས་འགྲུབ་པར་བྱེད་པའི་ང་ཚོའི་ངོས་འཛིན་གྱི་བསམ་བློ་དང༌། བསམ་བློ་དེའི་སྟེང་དུ་ཆགས་པའི་གོམས་སྲོལ་དང་འབྲེལ་བའི་འདུ་ཤེས་ཐམས་ཅད་དངོས་ཡོད་ཀྱི་བདེན་ལུགས་ལ་གཞི་བཅོལ་བའི་ལྟ་གྲུབ་ཅིག་གི་རྒྱབ་རྟེན་ལས་བྱུང་ཡོད་དམ། ཡང་ན་བདེན་ལུགས་ཀྱི་གྲུབ་གཟུགས་རབ་རིབ་བྲིས་པའི་གཞུང་ལུགས་ཀྱི་ལྟ་བའི་གྲིབ་གཟུགས་འོག་གི་ཞེན་ཕྱོགས་ཐོ་རེ་བའི་སྐྱ་རིས་གསལ་ལ་མི་གསལ་བ་ཞིག་གི་ནང་རོལ་དུ་འཁོར་གྱི་ཡོད། དོན་ངོ་མར་ང་ཚོར་འཇིག་རྟེན་ལྟ་ཚུལ་ཡོད་མེད་ལ་ཐུག་མེད་པར་འཇིག་རྟེན་ལྟ་ཚུལ་གང་འདྲ་ཞིག་དགོས་མིན་ལ་ཐུག་ཡོད་པ་དེ་མཚན་ཉིད་རིག་པ་བ་དག་གིས་སྔ་མོ་ནས་དོ་གལ་ཆེན་པོ་བྱེད་པའི་གནས་ཤིག་ཏུ་གྲུབ་འདུག་པ་དེ་ཡང་མི་དང་སྤྱི་ཚོགས་ཀྱི་ནོར་འཁྲུལ་ཆེ་ཤོས་དག་འཇིག་རྟེན་ལྟ་ཚུལ་མེད་པའི་དབང་གིས་འབྱུང་བཞིན་པ་མ་ཡིན་པར་འཇིག་རྟེན་ལྟ་ཚུལ་གྱི་ནོར་འཁྲུལ་ལ་བརྟེན་ནས་འབྱུང་བཞིན་པའི་དབང་གིས་མ་རེད་དམ།
འཇར་མན་གྱི་མཚན་ཉིད་རིག་པའི་ཆེད་རམས་པ་གྲགས་ཆེན་ཧེ་གེར་གྱིས་གཏན་ཚིགས་རིག་པ་ནི་གྲུབ་གཟིགས་ཀྱི་རྒྱལ་ཁམས་ཤིག་རང་རེད་ཅེས་གསུངས་པ་ལྟར་ན གཏན་ཚིགས་རིག་པའི་རིགས་ལམ་གྱིས་རིགས་བསྒྲུབ་བྱས་པའི་གཞུང་ལུགས་ཀྱི་ལྟ་ཚུལ་དེ་ཡང་གྲུབ་གཟུགས་ཀྱི་འཇིག་རྟེན་ཞིག་ཡིན་ངེས་པ་དེ་རེད།